ཆེད་བསྒྲིགས། དགའ་ལྡན་ལྔ་མཆོད་ཆེན་མོའི་ལོ་རྒྱུས་བཞུགས་སོ། །

འོ་དེ་ཡང་ཇི་སྐད་དུ། རྨད་བྱུང་ཡོན་ཏན་གཏིང་མཐའ་མི་མངོན་ཞིང་། ། ལུང་དང་རིགས་པའི་རླབས་ཕྲེང་ཆལ་ཆིལ་གཡོ། །བསླབ་གསུམ་ནོར་བུའི་མཛོད་ཀྱིས་ཡོངས་སུ་གཏམ། ། འཕགས་ཚོགས་འདུས་པའི་མཚོ་ཆེན་རྒྱལ་གྱིར་ཅིག། ཅེས་གསུངས་པ་ལྟར། ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏིང་མཐའ་མི་མངོན་པར། ལུང་རིགས་ཀྱི་རླབས་ཕྲེང་ཕྱོགས་བརྒྱར་གཡོ་ཞིང་བསླབ་གསུམ་ནོར་བུའི་མཛོད་ཀྱིས་ཡོངས་སུ་གཏམས་པའི་འཕགས་ཚོགས་དགེ་འདུན་འདུས་པ་རྒྱ་མཚོའི་སྙན་དབང་རིན་པོ་ཆེར། གང་ཞུ་ན།
དེ་རིང་གི་ཉི་མ་འདི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཞི་བའི་དབྱིངས་སུ་གཤེགས་པའི་དུས་ཆེན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཡིན་པས། དེ་ཡང་ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས།ང་ནི་མྱ་ངན་འདས་གྱུར་ཏེ། །ས་ཡི་སྟེང་འདི་སྟོངས་པ་ན། ། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། ། ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་གནས་དང་དུས་དང་མཛད་པའི་ཁྱད་པར་དང་བཅས་རྒྱལ་བ་རང་ཉིད་ཀྱིས་གསལ་བར་ལུང་བསྟན་པའི་རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་ཡོངས་རྫོགས་བསྟན་པའི་མངའ་བདག ཁམས་གསུམ་སྐྱེ་དགུའི་འདྲེན་མཆོག་རྒྱལ་བ་གཉིས་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཞེས་གྲགས་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་ན་རྣམ་པར་གཡོ་བ་དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་ནི།
གསང་བདག་གི་ཞལ་ནས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་ནི་དཔག་པར་མི་ནུས་སོ། ། ཞེས་གསུངས་པ་ལྟར་ཡིན་ཞིང་། ཐུན་མོང་གདུལ་བྱའི་དབང་དུ་བྱས་ན་རབ་བྱུང་དྲུག་པ་གསེར་འཕྱང་མེ་བྱའི་ལོ་ལ་དགེ་བཅུའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་མདོ་སྨད་ཙོང་ཁའི་ཡུལ་གྱི་ནང་ཚན་གནས་མཆོག་དམ་པ་འདིར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྤྱན་སྔར་རབ་ཏུ་བྱུང་ནས་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གསོལ་བར་མཛད།
དེ་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ་དམ་པའི་ཆོས་ཀྱི་སྐྱེས་ལེན་པའི་ཕྱིར་དབུས་གཙང་དག་པའི་ཞིང་དུ་བདེ་བར་བྱོན་ནས། བློ་གསལ་བྱེ་བའི་མདུན་ས་ཆོས་གྲྭ་ཆེན་པོ་རྣམས་སུ་མཁས་པ་དང་གྲུབ་པའི་དབང་ཕྱུག་དུ་མའི་ཞབས་པད་བསྟེན་ནས་ཐོས་བསམ་མཛད་པས་འགྲན་པའི་ཟླ་མཐའ་དག་དང་བྲལ་བའི་མཁས་པ་ཆེན་པོར་གྱུར་ཏེ། སྙན་གྲགས་ཀྱིས་ནོར་འཛིན་གྱི་ཁྱོན་མཐའ་དག་ཁྱབ་པར་བྱས་ཤིང་། འཕགས་པའི་གནས་བརྟན་ཆེན་པོ་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་དུ་བསྙེན་པར་རྫོགས་ནས་འདུལ་བའི་བཅས་མཚམས་མཐའ་དག་ཉེ་བར་འཁོར་ལ་འགྲན་བཟོད་པའི་ངང་ནས། དབེན་གནས་དུ་མར་སྒྲུབ་པ་མཛད་པས་ཡི་དམ་གྱི་ལྷ་སྐར་ཚོགས་ལྟ་བུའི་ཞལ་གཟིགས་ཤིང་རྗེས་སུ་བཟུང་བས་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཏེ་ཐུབ་པའི་བསྟན་ལ་ཐུབ་པའི་དབང་བོ་དང་མཚུངས་བའི་ལུང་བསྟན་ལུང་བསྟན་བརྙེས་ཤིང་། བསྟན་པའི་ཞབས་ཏོག་དུ་དགོངས་ནས་ལྷ་སར་ཆོ་འཕྲུལ་གྱི་སྨོན་ལམ་ཆེན་མོ་འཛུགས་པར་མཛད་པ་སོགས་བསྟན་འགྲོ་ཡོངས་ལ་བཀའ་དྲིན་ལྷག་པར་ཆེ་ཞིང་།
དེ་ནས་ས་མོ་གླང་གི་ལོར་དགེ་ལྡན་བསྟན་པའི་ཆུ་མགོ དགེ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་པར་མཛད་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐུགས་སྨོན་ཡང་དག་མཛད་པའི་མཐུ་ལ་བརྟེན་ནས་ནུབ་ཛ་ལན་དྷ་ར་ནས། ཤར་རྒྱ་མཚོ་ལ་ཐུག་གི་བར་དུ་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ཀྱིས་ཁྱབ་པར་གྱུར་པ་འདི་བཞིན་ལགས་ཤིང་།
དེ་ཡང་བསྟོད་པ་བརྒྱད་ཅུ་བ་ལས། དེ་ནས་ཕག་ལོ་ཟླ་བ་བཅུ་བ་ཡི། །མར་ངོའི་ཚེས་བཅུའི་སྔ་དྲོའི་དུས་ཀྱི་ཚེ། །ངོ་མཚར་ཆོ་འཕྲུལ་དུ་མའི་ཚོགས་བསྟན་ནས། །དགའ་ལྡན་གནས་སུ་གཤེགས་པའི་ཙོང་ཁ་བ། །ཞེས་གསུངས་པ་ལྟར། ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་ཕག་ལོ་བཅུ་བའི་ཉི་ཤུ་ལྔའི་ཉིན་དགའ་ལྡན་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་ཚུལ་སྟོན་པར་མཛད་ལ།
དེའི་ཚེ་བུ་ཆེན་རྣམས་ཀྱིས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་མཐའ་ཡས་པས་ཐུགས་ཟག་མེད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཐབས་མཁས་མཛད་པ་ནས་བཟུང་སྟེ། རང་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་རྣམས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པར་གྱུར་ཞིང་།མདོ་སྨད་བསྟན་པའི་འབྱུང་གནས་ཕྱོགས་ཐམས་ཅད་ལས་རྣམས་པར་རྒྱལ་བའི་གདན་ས་ཆེན་པོ་འདིར་ཡང་མཁས་གྲུབ་གོང་མ་རྣམས་ཀྱིས་འཛུགས་པར་མཛད་པ་ནས་བཟུང་། ད་ལྟའི་བར་དུ་གོང་འཕེལ་དུ་ཡོད་པ་འདི་བཞིན་ལ།
དེ་རིང་གོང་ཞུས་ལྟར་ལྔ་མཆོད་ཆེན་མོའི་དུས་ཆེན་དུ་སོང་གཤིས། རྗེ་བླ་མ་དེ་ཉིད་རང་ཅག་རྣམས་ལ་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། དགེ་སྡིག་གི་འགྱུར་ཡང་མཐའ་ཡས་པ་ཡོད་པའི་ཚུལ་ལེགས་པར་དགོངས་ནས་དགེ་འདུན་ཚང་མས་དད་པ་ཤུགས་དྲག་པོས་ཀུན་ནས་བསླངས་པའི་ཞལ་འདོན། མཆོད་པ། གླིང་མེ། ཏིང་ངེ་འཛིན་གྱི་དམིགས་རིམ་སོགས་རྒྱ་གང་ཆེ་མཛད་ན་རྗེ་བླ་མ་དེ་ཉིད་ཀྱི་ཐུགས་དགོངས་རྫོགས་ཤིང་བསྟན་པའི་ལ་རྒྱ་ལ་ཕན་པ་དང་། རང་རང་གི་ཚེ་འདི་ཕྱིའི་ཚོགས་སོགས་སྒྲིབ་སྦྱང་གི་ཉམས་ལེན་རྨད་དུ་བྱུང་བ་ཡིན་འདུག་པས། གོང་ཞུས་ཐམས་ཅད་ལ་གསན་དགོངས་རྣམ་པར་དག་པ་གནང་བར་ཞུ།
ཞེས་པ་འདི་ནི་གདན་ས་ཆེན་པོ་སྐུ་འབུམ་གྱི་ཞལ་ངོ་ཞིག་ལ་གནང་བའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
