རྗེ་ཙོང་ཁ་པའི་འཁྲུངས་སྐར་ལས་འཕྲོས་པ།
![]()

དེ་ལ་འདིར། ཅུང་ཟད་ཅིག་གླེང་བར་བྱ་བའི་གཏམ་ནི། ཉེ་དུས་ཀྱི་བསྟན་རྩིས་དང་ལི་ཐོར་གྲགས་པ་རེ་ཟུང་དང་། ལྷག་པར་རྒྱའི་སྤྱི་སྟེགས་འགར། དེ་རིང་སྟེ། ཧོར་ཟླ་བཅུ་བའི་ཚེས་བཅུ་ནི་འཇམ་མགོན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་སྐུ་བལྟམས་པའི་དུས་ཚེས་ཁྱད་པར་ཅན་ཡིན་ནོ་ཞེས་གང་སར་འུར་ཅིང་སྒྲོག་པར་བྱེད་པའི་ཚུལ་ལ་མཐོང་ཐོས་ཀྱི་ཚིག་འགའ་སྤྲོ་བར་བྱ་བའོ།།
དེ་ཡང་། རྗེ་རིན་པོ་ཆེ་མཆོག་མ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ནི། གསེར་འཕྱང་མེ་བྱ་ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་ཡིན་པར་དངོས་སློབ་ཀྱི་མཁས་པ་རྣམས་དང་ཕྱིས་བྱུང་གི་རྣམ་ཐར་བྱེད་པོ་ཕལ་མོ་ཆེ་ཞལ་མཐུན་པ་ལགས་ལ། དེ་དག་གི་ཁུངས་གཏུགས་ས་ཡང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྣམ་ཐར་ལེགས་བཤད་ཀུན་འདུས་ཡིན་པར་སྣང་ངོ་།།
རྣམ་ཐར་དེ་ཉིད་དུ། ཧོར་ཟླ་དང་བོའི་ཚེས་བཅུའི་ནུབ་མོར། ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་སེར་སྐྱའི་སྐྱེ་བོ་ཕོ་མོ་བསམ་གྱིས་མི་ཁྱབ་པས་རྒྱལ་མཚན་དང་། རྔ་བོ་ཆེ་ལ་སོགས་པའི་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ། སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པས་ཕྱོགས་ཀུན་ཏུ་བལྟས་པས་མ་མཐོང་། དེ་རྗེས་ནམ་མཁར་བལྟས་པས་སྤྲིན་གྱི་གསེབ་ཏུ་གསེར་སྐུ་རི་བོ་ཙམ་པ་འོད་ཟེར་ཉི་མ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོ་བ། ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་ཞིག་ལྷའི་བུ་དང་བུ་མོ་ཡིན་ཟེར་བ་ཆ་ལུགས་ཕུན་སུམ་ཚོགས་པ་དུ་མས་བསྐོར་བ་ཞིག་མར་མར་བབས་བྱུང་བས་གསེར་སྐུ་དེ་རིམ་བཞིན་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ། སྤྱི་བོའི་ཐད་ཙམ་དུ་སླེབས་པའི་ཚེ་མཐོ་གང་ཙམ་ཤིན་ཏུ་མཛེས་པ་ཞིག་ཏུ་གྱུར་ནས་ལུས་ལ་ཐིམ་པ་རྨིས་ཚུལ་གསལ་ལོ།།
དེས་ན་རྗེ་ཉིད་ལྷུམས་སུ་ཞུགས་པའི་དུས་ཀྱང་དེ་ཉིད་དུ་ངོས་བཟུང་ན་འགྲིག་གམ་སྙམ་སྟེ། མནལ་ལྟས་ངོ་མཚར་ཅན་དེ་དང་རྗེས་སུ་མཐུན་པར་ལྷུམས་སུ་ཞུགས་པའི་དུས་ཀྱང་མེ་བྱ་ཧོར་ཟླ་དང་པོའི་ཚེས་བཅུའི་ཐོ་རངས་ཉིད་ཡིན་པར་སོམ་ཉི་མ་དགོས་ཞེས་འབྲུག་རྒྱལ་དབང་ཆོས་རྗེ་བ་གསུངས་པས་སོ།།
དེ་ལྟར་རྒྱལ་སྲས་ཆེན་པོ་དེ་ཉིད་ལྷུམས་སུ་ཞུགས་ཏེ། ཟླ་དགུ་ངོ་བཅུ་འདས་པའི་དུས་ནི་བཅུ་བའི་ཉི་ཤུའི་ནང་དུ་ཁེལ་ཡོད་ཅིང་། སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་ས་ག་ཟླ་བའི་ཚེས་བཅོ་ལྔར་སྐུ་བལྟམས་པ་དང་མྱ་ངན་ལས་འདས་པའི་ཚུལ་གཉིས་ཀ་བསྟན་པ་བཞིན། རྒྱལ་བ་གཉིས་པ་འདི་ཉིད་ཀྱིས་ཀྱང་བཅུ་བའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ལ་བལྟམས་པ་དང་གཤེགས་པའི་མཛད་པ་གཉིས་ཀ་བསྟན་པར་ངེས་སོ་ཞེས་རྣམ་ཐར་ཆེན་མོའི་བྱེད་པོ་གང་དེས་གསུངས་པ་ལྟར་རོ་སྙམ་མོ།།
མཇུག་མཐར་ཡང་སྔར་སྨྲས་པ་དག་སྙིང་བསྡུས་སུ་སྟོན་པའི་ཚུལ་དུ་རྣམ་ཐར་ཆེན་མོའི་ལུང་ཞིག་འགོད་པར་བྱ་སྟེ། ཇི་ལྟར་ན། ལྷུམས་སུ་ཞུགས་པའི་དུས་ཚེས་མེ་བྱ་ཧོར་ཟླ་དང་པོའི་ཚེས་བཅུ་ནས་བརྩིས་པའི་ཚེ། ལོ་དེའི་ཧོར་ཟླ་བཅུ་བའི་ཚེས་བཅུ་ཡན་གྱི་ཟླ་བ་རིལ་བོ་དགུ་འདས་ཤིང་། དེ་ནས་ངོ་མཐོང་བཅུ་དང་བཅས་ན་དུས་ཚེས་དེ་གར་འགྲིག་པར་སྣང་བའི་ཕྱིར། འོན་ཀྱང་སྔོན་ཆད་རྣམ་ཐར་རྣམས་སུ་ཧ་ཅང་གསལ་བར་མ་འཁོད་པས་ན་དེ་ལྟར་ཡིན་ནོ་ཞེས་ངེས་པར་ཁ་ཚོན་གཅོད་དུ་ནི་མི་བཏུབ་མོད། གང་ལྟར་ཡང་མེ་བྱ་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་ཉེར་ལྔ་ཚུན་ལ་ནི་ངེས་པར་ཡིན་པར་སེམས་སོ། །ཞེས་ཀྱང་གསུངས་པའི་ཕྱིར་རོ། །
སྨྲས་པ།
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བས།།
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།།
རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།།
སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
