བསྔོ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-28 18:40:09     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      569757675861407615.jpg

         ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་དགོངས་སུ་གསོལ། སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་རྒྱ་ཆེན་པོ་འདིས་མཚོན་བྱེད་དུ་བྱས་ནས་རང་གཞན་གྱིས་འདས་མ་འོངས་ད་ལྟར་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ཕན་བདེ་མ་ལུས་པའི་རྩ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་པའི་དམ་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག དེ་དག་གི་རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག དགེ་འདུན་གྱི་ཆོས་སྤྱོད་བཅུའི་སྒྲུབ་པ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེའི་བྱིན་རླབས་དང་ཐུགས་རྗེ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་ཚེ་དང་དཔལ་དང་འབྱོར་པ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་ལ་བརྟེན་ནས། བདག་ཅག་རྣམས་ཀྱིས་དེང་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་ཚེ་རབས་ཐམས་ཅད་དུ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར་གྱུར་ཅིག དེ་ལ་གེགས་ཀྱི་རྣམ་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་གནས་དང་གྲོགས་དང་ཚེ་དང་འཚོ་བའི་ཡོ་བྱད་རྒྱལ་བས་གནང་བ་ཐམས་ཅད་གཏུགས་པ་མེད་པར་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག དེ་དག་གི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ། སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱིས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་གཞི་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་འདི་རྣམས་ཀྱི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ཡང་རིགས་མཐོ་བ་དང་གཟུགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་རིང་བ་དང་ནད་མེད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག འབྱོར་པ་དང་དབང་ཕྱུག་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཤེས་རབ་ཆེ་བ་དང་དད་པ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག མང་དུ་ཐོས་པ་དང་ཚུལ་ཁྲིམས་བསྲུང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་ལ་བརྟེན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་ཕེབས་པར་གྱུར་ཅིག ལོ་ཏོག་རྟག་ཏུ་ལེགས་པར་གྱུར་ཅིག མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག དུས་ཀྱི་འཁྲུག་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་གདུག་རྩུབ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་བྱ། ཞེས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །
        ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་སྦྱིན་པ་བཏང་བ་དང་། ཚུལ་ཁྲིམས་བསྲུངས་པ་དང་། ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བགྱིས་པ་དང་། གཞན་ཡང་འབྲེལ་བ་ཤུལ་ན་མཆིས་པ་རྣམས་ཀྱིས། དུས་ལས་འདས་པའི་ཕྱིར་དུ་བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། དགེ་འདུན་ལ་བསྙེན་ཅིང་བཀུར་བ་དབུལ་པོ་ལ་སྦྱིན་པ་གཏོང་བ་བགྱིས་པ་དང་། གཟུངས་སྔགས་ཀྱི་བཟླས་བརྗོད་བགྱིས་པ། གསུང་རབ་བསྒྲགས་པ། དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ། སྡིག་སྦྱོང་བགྱིས་པ་སོགས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས་དུས་ལས་འདས་པ་མིང་འདི་ཞེས་བགྱི་བ། གལ་ཏེ་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་སམ་སྐྱེ་བར་འགྱུར་བའི་མི་ལས་ཅན་ཞིག་ཡིན་ནའང་། དགེ་བའི་རྩ་བ་འདི་དག་ཐམས་ཅད་དེའི་རྗེས་སུ་འབྲངས་ཤིང་། རྗེས་སུ་ཞུགས་པར་གྱུར་ཅིག རྗེས་སུ་ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་ལས་ཐར་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་གསུངས་ལ། དེ་ལྟ་བུ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་རྟེན་དལ་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་གྱུར་ཅིག འཕགས་པའི་ནོར་བདུན་དང་ལྡན་པར་གྱུར་ཅིག གཞན་ཡང་ཚེ་རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག དམ་པའི་ཆོས་ཉན་པ་དང་མི་འབྲལ་བར་གྱུར་ཅིག འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་གྱུར་ཅིག གཞན་ཡང་ཚེ་རབས་ཐམས་ཅད་དུ་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བར་གྱུར་ཅིག སྲིད་ཕྱིར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་བསྲུང་བར་གྱུར་ཅིག སེམས་ཅན་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་པར་གྱུར་ཅིག དགེ་བའི་རྩ་བ་ཐམས་ཅད་མྱུར་དུ་སྡུད་པའི་བརྩོན་འགྲུས་རྩོམ་པར་གྱུར་ཅིག གཟུགས་མེད་པའི་ཁམས་རྣམ་པར་བསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག དུས་ལས་འདས་པ་མིང་འདི་ཞེས་བགྱི་བ་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ཞེས་བསྔོ་བ་ནི་གོང་འོག་འབྲེལ་བསྒྲིགས་ནས་གནས་སྐབས་དང་བསྟུན་ནས་མཛད་པར་ཞུ། ཞེས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་དགེ།


                                                          རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།