བཤེས་གཉེན་ཆེན་པོ་བྱང་ཆུབ་བླ་མའི་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-15 14:05:11     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

    140803082486048208.jpg

          ཟབ་མོ་རྡོ་རྗེ་ཐེག་པ་དང་རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀྱི་གཞུང་ལུགས་ལ་བློ་གྲོས་ཀྱི་སྣང་བ་རྒྱས་ནས་དེ་དག་གི་དོན་ལ་སྒྲུབ་པ་སྙིང་པོར་མཛད་པ་བཤེས་གཉེན་ཆེན་པོ་བྱང་ཆུབ་བླ་མ་སྐུ་ཁམས་བཟང་ཞིང་འགྲོ་དོན་འཕེལ་བའི་ཐད་ནས་དོན་དང་ཆོས་དང་མཐུན་པའི་གསུང་ཤོག་དར་ཡུག་དཀར་སེར་བཞི་དང་རྟེན་ཁེབས་ལེགས་པ་གཅིག་གི་རྟེན་དང་བཅས་པ་སྐུར་བ་དགེ་བཤེས་གྲོགས་མཆེད་ཀྱིས་འཕྲོད་པས་ཡིད་སྤྲོ། འདིར་ཡང་ཁམས་སྙོམས་ཤིང་དགེ་བའི་བྱ་བ་གང་ནུས་བགྱིད་ཅིང་བདོག སྐབས་ཀྱི་དོན་ད་དུང་ཡང་སྔར་བཞིན་རང་ཉིད་ཀྱི་རྒྱུད་སྦྱང་བའི་དོན་མཐུན་ལ་གནས་པའི་ཐད་ནས་སྦྱིན་པས་བསྡུས་པའི་འགྲོ་བ་ལ་སྙན་པར་སྨྲ་བའི་གཏམ་སྔོན་དུ་འགྲོ་བའི་དོན་སྤྱོད་པ་ལ་བཀོད་དེ། བསྟན་པའི་བྱ་བ་བགྱིད་པ་ཞེས་པའི་མིང་ཅན་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་ཡུན་རིང་དུ་འཛིན་པའི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིག་པར་ཞུ། ཁྱེད་ཀྱིས་སེམས་བསྐྱེད་ཕྱིན་དྲུག་སྔོན་འགྲོའི་ཚུལ། །ལུས་དང་ལོངས་སྤྱོད་གང་ལ་ཡང་། །ལྟོས་མེད་གཏོང་བ་སྦྱིན་པ་སྟེ། །འཚེ་བ་མེད་པ་ཚུལ་ཁྲིམས་དང་། །དེ་ལ་མི་སྐྲག་བཟོད་པ་སྟེ། །མ་ཞུམ་མི་འགོང་བརྩོན་འགྲུས་དང་། །གཡེང་མེད་རྩེ་གཅིག་བསམ་གཏན་ཏེ། །ལྔ་པོ་དེ་ལ་འཁོར་གསུམ་གྱི། །དྲི་མས་དབེན་ཞིང་རང་བཞིན་གྱིས། །སྟོང་པ་ཉིད་དུ་ཐག་ཆོད་ན། །ཐུན་མོང་ཕྱིན་དྲུག་ཚང་ལགས་སམ། །ཞེས་དང་། གཏོང་ཐོབ་ཕན་ཡོན་ཉེས་དམིགས་རྣམས། །ཚུལ་བཞིན་རྒྱ་ཆེ་མི་ཤེས་ཀྱང་། །སེམས་སྲུངས་ངོ་བོ་ཙམ་ཤེས་ན། །ནོར་བའི་ལམ་དུ་མི་འགྱུར་སེམས། །དོན་དེ་འདི་ཡིན་བཀའ་སྩལ་གསོལ། །ཞེས་དྲིས་པའི་སྔ་མའི་ལན་ནི། དེ་ལ་མི་སྐྲག་ཅེས་པ་ཆོས་ཟབ་མོ་ལ་མི་སྐྲག་པ་ཡིན་མཆི་བས་དེ་ལ་སོགས་པའི་ཆོས་དྲུག་པོ་དེ་ཚང་ན་ཐེག་ཆེན་པ་གཉིས་ཀྱི་ཐུན་མོང་བའི་ཕྱིན་དྲུག་ཙམ་ཞིག་ཚང་བར་བཞག་དགོས་མོད། འོན་ཀྱང་ཁྱེད་གསུང་བ་དེ་ཐུན་མོང་བའི་ཕར་ཕྱིན་གྱི་ཆ་རེ་ཡིན་གྱི། ཕྱིན་དྲུག་གི་བསླབ་བྱ་ཐུན་མོང་བ་ཐམས་ཅད་མི་འདུ་བས་དེ་ཙམ་ཞིག་ལ་བསླབས་པས་ཐུན་མོང་བའི་ཕྱིན་དྲུག་གི་བསླབ་བྱ་ཚང་བ་ལ་བསླབ་པར་མི་འགྱུར་རོ། །དྲི་བ་ཕྱི་མ་གཏོང་ཐོབ་སོགས་རྒྱ་ཆེན་པོ་མི་ཤེས་ཀྱང་སྔར་དྲིས་པ་ལྟ་བུའི་ཕྱིན་དྲུག་གི་ངོ་བོ་ཙམ་བསྲུང་ཤེས་ན་བསྲུང་ན་ནོར་བའི་ལམ་ཡིན་མིན་གསུང་བ་ནི་དེ་ཙམ་ཞིག་ཤེས་ནས་གཏོང་སེམས་སྦྱོང་བ་དང་གཞན་ལ་གནོད་འཚེ་སྡོམ་པ་སོགས་བྱེད་པ་མ་ནོར་བའི་ལམ་ཡིན་མོད་ཀྱང་དེ་ཙམ་ཞིག་ལ་བསླབས་ནས་བསླབ་བྱ་གཞན་ལ་མ་བསླབས་ཀྱང་ཉེས་མེད་དུ་འདོད་པ་ནོར་མ་ནོར་ཞེས་འདྲི་ན་ནི་དེ་ལྟར་སློབ་པའི་གང་ཟག་དེ་ལ་དཔྱད་དགོས་ཏེ། བྱང་སེམས་ཀྱི་སྡོམ་པ་མ་བླངས་པར་སྨོན་སེམས་ཙམ་སྦྱོང་བ་ཡིན་ན་ནི་བསླབ་གཞི་སྣ་རེ་དང་དུས་ཀྱང་ཉི་མ་རེ་ལ་རྩེག་ཅི་ནུས་པའི་སྟོབས་དང་སྦྱར་བས་ཆོག་སྟེ། བསླབ་བཏུས་ལས་དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ། ཞེས་དང་དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་ཡང་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ་ཞེས་གསུངས་པ་བཞིན་ནོ། །རྟེན་དེ་རྒྱལ་སྲས་ཀྱི་སྡོམ་པ་ཆོ་གས་བཟུང་བ་ཞིག་ཡིན་ན་ནི། སྔར་བཤད་པ་དེ་ཙམ་ཞིག་ལ་བསླབས་པས་ཆོག་པར་འདོད་ན་ནོར་བ་ཆེན་པོ་ཡིན་ཏེ། རྒྱལ་སྲས་ཀྱི་སྡོམ་ལྡན་ལས་དང་པོ་བས་སར་ཆུང་ལྟ་བུས་ནུས་ཀྱི་གཞན་གྱིས་མི་ནུས་པ་གོམས་པར་མི་རུང་བ་དང་། ལས་དང་པོ་བས་ལུས་སྲོག་གཏོང་བ་བཀག་པ་ལྟ་བུ་མདོ་སྡེ་ནས་དམིགས་གསལ་མཛད་ནས་བཀག་པ་གཉིས་མ་གཏོགས་པ་གཞན་བྱང་སེམས་ཀྱི་བསླབ་བྱ་ལ་སློབ་དགོས་པར་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་བསླབ་བཏུས་ལས། གང་དག་ཏུ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེ་ཡང་གོམས་པར་བྱར་མི་རུང་བའམ་དགག་པའི་རིགས་བྱང་ཆུབ་སེམས་དཔའ་ལས་དང་པོ་བས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་གསུངས་ཤིང་། མདོ་སྡེ་ལས་བསླབ་བྱ་རྒྱ་ཆེར་གསུངས་པ་རྣམས་བློ་ཞན་པས་ཤེས་པར་དཀའ་བས་ཇི་ལྟ་བྱ་ཞེས་དྲིས་པའི་ལན་དུ། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིས་རིག་བྱ། །ཞེས་གསུངས་ལ། གནད་ཀྱི་གནས་ཀྱང་། བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་སྲུངས་དག་པ་སྤེལ་བའོ། །ཞེས་བཏང་སྲུངས་དག་པ་སྤེལ་བཞི་གསུམ་བཅུ་གཉིས་ཀྱི་བསྲུང་མཚམས་བསླབ་བཏུས་ལྟ་བུའི་སྒོ་ནས་ཟིན་པར་བྱས་ནས་ལྟུང་བ་མི་འབྱུང་བར་བྱ་དགོས་པའི་ཕྱིར་རོ། །འོན་ཀྱང་བྱང་སེམས་ཀྱི་བསླབ་པ་གཅིག་བསྲུང་བ་ན་གཞན་བསྲུང་བར་མ་ནུས་ན་ཉེས་མེད་དུ་འགྲོ་བའི་སྐབས་ཀྱང་གསུངས་ཏེ་རྩ་ལྟུང་ལ་དེ་སྦྱར་དུ་མི་རུང་ངོ་། །དེས་ན་ལེགས་པོར་ཤེས་དགོས་ཞེས་ཁོ་བོ་ཅག་སྨྲ་བ་ནི་དེ་འདྲ་ལ་ཟེར་བ་ལགས། འདི་དག་རྒྱས་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་དང་། ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །ཡང་། དབང་བཞི་རྫོགས་པར་ཞུས་པའི་གང་ཟག་གིས། །སྲུང་བྱའི་གཙོ་བོ་རྩ་ལྟུང་བཅུ་བཞི་པོ། །རེ་རེ་གང་ཡང་རུང་བ་བྱུང་གྱུར་ན། །རྡོ་རྗེ་དམྱལ་བ་སོགས་སུ་ལྟུང་འགྱུར་ཞེས། །རྒྱུད་དང་རྗེས་འཇུག་བསྟན་བཅོས་བླ་མ་ལས། །འོངས་པའི་གདམས་ངག་སོགས་སུ་གསལ་བཤད་ཀྱང་། །དེ་ཡང་སྐྱབས་འགྲོ་ཙམ་ཡང་མ་ཆགས་ཤིང་། །མི་དགེ་སྣ་རེ་ཙམ་ཡང་མི་སྤོང་བའི། །སྐྱེས་པ་བུད་མེད་རྣམས་ལ་དབང་བཞི་དང་། །ཟབ་མོའི་གདམས་པ་ལྷུག་པར་སྟོན་བྱེད་པ། །འདི་ཡི་དགོངས་པ་གང་ལགས་ཚུལ་ཅི་འདྲ་ཞེས་དྲིས་པའི་ལན་ནི། དམ་ཚིག་སྲུང་སྡོམ་མི་ནུས་ཤིང་སྔགས་ཀྱི་བག་ཆགས་བཞག་དགོས་པ་ལ་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བ་གཉིས་ལས་ཕྱི་མ་མི་རུང་ཞིང་སྔ་མ་ཙམ་ཞིག་བྱེད་པ་དེ་ཉིད་བསྡུས་པའི་རྩ་རྒྱུད་དང་དེའི་བཤད་རྒྱུད་རྡོ་རྗེ་རྩེ་མོའི་དགོངས་པ་ཡིན་ལ། ཚུལ་དེ་སློབ་དཔོན་ཀུན་དགའ་སྙིང་པོས་གསལ་བར་བཤད་པས་རྣལ་འབྱོར་རྒྱུད་ལ་ཁུངས་གསལ་པོ་ཡོད། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་དགོངས་པ་ཡང་སངས་རྒྱས་གསང་བས་དེ་ལྟར་དུ་རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པས་ཁོང་ལྟར་ན་བྱ་རྒྱུད་ལའང་དེ་བཏུབ། རྣལ་འབྱོར་བླ་མེད་ལའང་དེ་རུང་བའི་ཁུངས་གསལ་པོ་ཚད་ལྡན་གྱིས་མཛད་པ་གཞན་མ་མཐོང་ཡང་། སློབ་དཔོན་ཤཱནྟི་པས་དགྲ་ནག་གི་འགྲེལ་པར་སྲོག་གཅོད་ལས་ལྡག་པ་ཁས་ལེན་པ་ལ་རུང་བར་བཤད་དོ། །དེས་ན་བྱང་སེམས་ཀྱི་སྡོམ་པ་ཙམ་འཛིན་ལ། རིགས་ལྔའི་སྡོམ་པ་བསྲུང་མི་ནུས་པ་ལ་སློབ་མའི་དབང་ཙམ་བསྐུར་ལ་སློབ་དཔོན་གྱི་དབང་མི་བསྐུར་བ་དང་། སྡོམ་པ་གཉིས་ཀ་བསྲུང་ནུས་ན་བུམ་དབང་རྫོགས་པར་བསྐུར་བར་སློབ་དཔོན་ལྭ་བ་པ་དང་། ཤཱནྟི་པ་སོགས་མང་པོས་བཤད་པས་དབང་བསྐུར་ལུགས་དེ་འདྲ་ཞིག་དགོས་ལ། དེའི་སྒོ་ནས་སྔགས་ཀྱི་གདམས་ངག་སྟོན་ལུགས་ཀྱང་ཤེས་པར་བྱ། ཆོས་རྗེ་ས་སྐྱ་པས་སོ་ཐར་ལ་གཟུགས་བརྙན་འདུག་སྔགས་ལ་གཟུགས་བརྙན་ཅི་ཡང་མི་འདུག་ཅེས་གསུང་པ་ཡང་། དེ་འདྲའི་རིགས་ལ་དགོངས་པར་སྣང་། འདི་དག་གི་རྣམ་གཞག་ཀྱང་རྒྱས་པར་རྩ་ལྟུང་བཅུ་བཞི་པའི་རྣམ་བཤད་དུ་བདག་གིས་གཏན་ལ་ཕབ་ཟིན་པས་འདིར་མདོ་ཙམ་སྨོས་པ་ལགས་ཀྱང་། ཐིག་ལེ་ཉམས་པས་ལྔ་པའི་རྩ་ལྟུང་དུ་རྒྱུད་སྡེ་རྣམས་དང་ཨིནྟྲ་བྷཱུ་ཏི་སོགས། མཁས་གྲུབ་རྣམས་ཀྱིས་ལེགས་པར་གསུངས་པ་ལ། །བཟའ་མི་ཟུང་ལྡན་ཐ་མལ་སྔགས་ཞུགས་དང་། །ཁྱིམ་པའི་རྡོ་རྗེ་སློབ་དཔོན་ཕལ་ཆེར་རྣམས། །བྱང་སེམས་འཆིང་བའི་ནུས་པ་མ་མཆིས་ཤིང་། །འདོད་ལ་གཡེམ་པའི་འདོད་ལྡན་སྐྱེ་བོ་ལ། །བྱང་སེམས་ཉམས་པའི་རྩ་ལྟུང་འབྱུང་ལགས་སམ། །མི་འབྱུང་འབྱུང་བར་གསུངས་པའི་དགོངས་པ་ཅི། །འབྱུང་ན་སློབ་དཔོན་ལ་ཡང་ཉེས་མཆིས་སམ། །ཞེས་གསུངས་པའི་ལན་ནི། །ཀུན་ཏ་ལྟ་བུའི་བྱང་སེམས་བཏང་བའི་རྩ་ལྟུང་བསྐྱེད་པ་ནི་དུས་འཁོར་འགྲེལ་ཆེན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བས་སངས་རྒྱས་འདོད་པ་ཞིག་ལ་བཤད་ལ། དགེ་སློང་དཱ་རི་ཀ་པས་མི་འགྱུར་བའི་བདེ་བའི་རང་བཞིན་ཤེས་པ་དང་། འགྱུར་བའི་བདེ་བ་ཙམ་དང་དུ་བླང་བའི་བསམ་པ་ལ་སོགས་པའི་ཆོས་རྣམས་ཡན་ལག་ཏུ་དགོས་པར་བཤད་པ་ན། ཁྱིམ་པའི་རྡོ་རྗེ་སློབ་དཔོན་ཁམས་འཆིང་བའི་ནུས་པ་མ་ཐོབ་པའི་བྱང་སེམས་ཉམས་པ་ལ་དབང་པོ་གཉིས་སྦྱོར་གྱི་བདེ་བ་སངས་རྒྱས་པའི་ཐབས་སུ་འཛིན་པའི་ཡན་ལག་ཚང་ན་རྩ་ལྟུང་དུ་མི་འགྲོ་ལ། ཀུན་སློང་དེ་ལྟ་བུ་ལ་སོགས་པའི་ཡན་ལག་ཚང་ན་རྩ་ལྟུང་དུ་འགྱུར་རོ། །ཡང་ཕྱི་དང་ནང་དུ་སྣང་བའི་རྟེན་འབྲེལ་ཀུན། །སྣང་བཞིན་རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་ན་ཡང་། །གདོད་ནས་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར། །མཐའ་བཞི་ལ་སོགས་སྤྲོས་པ་ཀུན་ལས་གྲོལ། །དངོས་པོའི་གཤིས་ལུགས་འདི་ཡིན་འདི་མིན་ཞེས། །རྟོག་པའི་ཡུལ་མིན་ཚིག་གིས་བརྗོད་མི་ནུས། །གཏན་ཚིགས་དཔེ་ཡིས་མཚོན་པར་མི་ནུས་པ། །བློ་མཐའ་ཞིག་པའི་དབྱིངས་སུ་གོ་ལགས་ན། །གོ་ཡུལ་དོན་མཐུན་ཡིན་མིན་དགོངས་མཛད་ནས། །རྗེས་བཟུང་ཚར་བཅད་བཀའ་སྩལ་མཛད་དུ་གསོལ། །ཞེས་དྲིས་པའི་ལན་ནི་དབུ་ཚད་ཀྱི་རིགས་པ་ཕྲ་མོའི་དགག་སྒྲུབ་ཀྱི་ཚུལ་མཐའ་མ་ཆོད་པར་ཕྲ་བའི་གནས་ལ་ཁ་མཚོན་རྦད་ཚོད་བྱེད་པའི་གངས་ཅན་པ་མང་པོས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པ་ལ་མེད་པས་ཁྱབ་པ་དང་། དེའི་རྒྱུ་མཚན་གྱིས་ཡོད་ན་བདེ་ན་པར་ཡོད་དགོས་ཞེས་ཁ་མཐུན་བྱས་ནས་སྡེ་ཚན་གཅིག་ན་རེ་དེ་རང་བཞིན་མེད་པ་ཡིན་པས་ལས་དཀར་ནག་ལས་བདེ་སྡུག་འབྱུང་བ་སོགས་ཀྱི་རྒྱུ་འབྲས་དང་། བཅིངས་གྲོལ་སོགས་གང་ཡང་དབུ་མ་ལ་མི་རུང་ཞེས་སྨྲ་ལ། སྡེ་ཚན་གཞན་དག་ན་རེ་ཀུན་རྫོབ་པ་རྣམས་དེ་ལྟར་ཡིན་ལ་དེ་ལས་གཞན་པ་ནི་བདེན་པར་གྲུབ་བོ་ཞེས་སྨྲ་བ་གཉིས་ཀ་ཡང་དབུ་མ་པའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སྟོང་པ་རྟེན་འབྲེལ་དུ་འཆར་བའི་ཀླུ་སྒྲུབ་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་དང་། གོ་རིམ་བཞིན་དུ་ཆད་པའི་མཐའ་དང་རྟག་ཆད་གཉིས་ཀའི་གཡང་དུ་ལྷུང་བའི་ཕྱིར་རོ། །ཁྱད་པར་དུ་ལུགས་ཕྱི་མ་ལྟར་ན་བདེན་པ་སྒྲུབ་མཁན་གྱི་གང་ཟག་དང་། སྒྲུབ་བྱེད་ཀྱི་ལུང་རིགས་རྣམས་ཀྱང་ཀུན་རྫོབ་པ་ཡིན་པས་རང་བཞིན་མེད་པའི་ཕྱིར་མེད་པར་འགྱུར་བས་དེ་དག་གི་བདེན་པ་སྒྲུབ་པར་འདོད་པ་འགལ་བའི་ཁུར་རོ། །དེ་ནས་རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་མེད་པའི་སྟོང་པ་གང་གི་ལུགས་ལ་རུང་བའི་དབུ་མ་པ་དེ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་དུ་འགྲོ་བ་ཞིག་དགོས་ལ། རང་བཞིན་གྱིས་མི་སྟོང་ན་སྐྱེ་འགག་བཅིངས་གྲོལ་སོགས་མི་འཐད་པས་སྐྱེ་འགག་དང་བཅིངས་གྲོལ་སོགས་ཀྱི་རྣམ་གཞག་བྱེད་པས་རང་བཞིན་མེད་པ་འདོད་དགོས་པར་གསུངས་པ་བཞིན་གོ་བར་བྱ་ཡི། རང་བཞིན་མེད་ན་སྐྱེ་འགག་མི་རུང་ངོ་ཞེས་ལྡོག་ནས་མ་སྨྲ་ཞིག དེ་འདྲ་ཞིག་ཤེས་ན་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པར་ཤེས་ནས་ལས་འབྲས་ལ་ངེས་པ་རྙེད་པ་ངོ་མཚར་བས་ཀྱང་འདི་ངོ་མཚར་ལ། རྨད་བྱུང་བས་ཀྱང་འདི་རྨད་དུ་བྱུང་བར་གསུངས་པའི་ལྟ་བ་རྙེད་པ་ཡིན་ཏེ། རྟེན་འབྱུང་རྒྱུ་འབྲས་མི་བསླུ་བའི་ངེས་པ་རྙེད་པས་ཆད་ལྟ་འགོག་ཅིང་མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་པའི་རང་བཞིན་མེད་པའི་སྟོང་ཉིད་ལ་ངེས་པ་རྙེད་པས། རྟག་མཐའ་ལས་གྲོལ་བའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཀྱིས་སྟོང་བཞིན་དུ་རྒྱུ་འབྲས་མི་བསླུ་བའི་ངེས་པ་རྙེད་པའི་ལྟ་བ་ནི་རྟག་ཆད་གཉིས་ཀའི་གོལ་ས་ཆོད་པ་ཡིན་པས་རྨད་དུ་བྱུང་བའི་གོ་བ་ཡིན་ནོ། །ཐོག་མར་ལྟ་བ་བཙལ་བའི་དགོས་པ་ཡང་ངེས་པའི་དོན་སྒོམ་པའི་དོན་དུ་ཡིན་ལ་དེ་ཡང་བདག་འཛིན་ལྡོག་པའི་ཆེད་ཡིན་པས་སྒོམ་པའི་དུས་སུ་ཡང་བདག་ཏུ་འཛིན་པ་གཉིས་ཀྱི་ཡུལ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་པ་བདག་གཉིས་ཀྱི་མཚན་མ་ཅི་ཡང་མ་གྲུབ་པའི་ངེས་པ་རྙེད་པའི་ཚེ་ལྟ་ཐོག་དེར་བཞག་ནས་ངེས་པའི་རྒྱུན་སྐྱོང་དགོས་ཀྱི་ལྟ་བའི་ངེས་པ་དོར་བའི་ཞི་གནས་ཙམ་བསྐྱངས་ཀྱང་འཁོར་བའི་རྩ་བ་བདག་འཛིན་ལ་ཅི་ཡང་མི་གནོད་དོ། །དོན་གྱི་དབང་འདི་གཟིགས་ནས་རིགས་པའི་དབང་ཕྱུག་གིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང་འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་ལ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་རྟོག་གལ་ཏེ་སྒོམ་པ་ནི། །འབྲས་བུ་མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་པའི་སྒོ་ནས་བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཐར་པའི་སྒོ་དམ་པར་གསུངས་སོ། །གནས་ལུགས་སྒྲ་དང་རྟོག་པའི་ཡུལ་མིན་པར་གསུངས་པ་དཔེར་ན་བུ་རམ་གྱི་རོ་འདི་འདྲ་ཞིག་ཡོད་ཅེས་བཤད་ཀྱང་ལྕེས་མྱོང་བ་ཇི་བཞིན་པ་ཚིག་ལ་བརྟེན་ནས་གོ་མི་ནུས་པ་བཞིན་དུ་འཕགས་པའི་མཉམ་གཞག་གིས་ཐུགས་སུ་ཆུད་པ་ཇི་བཞིན་པ་སྟོང་ཉིད་སྟོན་པའི་ཚིག་གིས་མཚོན་མི་ནུས་པ་ལ་བཞེད་མཆི་བས་དེ་ལྟ་ན་ལེགས་སོ། །འོན་ཀྱང་སྒྲ་རྟོག་གི་ཡུལ་དུ་གཏན་མི་རུང་བར་བྱར་མི་རུང་སྟེ། གཞན་དུ་ན་ཚོགས་སྦྱོར་བས་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པར་གསུངས་པ་མི་འཐད་པར་འགྱུར་ཞིང་གོ་བར་མི་ནུས་པའི་དོན་ལ་འདིའི་དོན་ཡིན་ཞེས་རྟོགས་ལྡན་སློབ་མ་ལ་འཆད་པར་ཡང་མི་རིགས་ཏེ། ཅི་ཙམ་བཤད་ཀྱང་གོ་མི་ནུས་པའི་ཕྱིར་རོ། །ཡང་ཁྱེད་ཀྱིས་བཅོམ་གཞིག་ལྟ་བུའི་ཆད་པའི་སྟོང་ཉིད་དང་། སྣང་བ་སྟོང་པར་རྟོགས་པའི་ཉམས་དང་ནི། །རྟེན་འབྲེལ་སྒྱུ་མ་ལྟ་བུར་རྟོགས་ཚུལ་དང་། །བཏགས་ཡོད་མིང་རྐྱང་ཙམ་དུ་དགོངས་ཚུལ་རྣམས། །རིམ་བཞིན་སྔ་མ་སྔ་མ་དམན་པ་དང་། ཕྱི་མ་ཕྱི་མ་བཟང་བའི་གཏན་ཚིགས་རྣམས། །ཚུལ་བཞིན་ལེགས་པར་བཀོད་པ་བདག་གིས་མཐོང་། །ཞེས་རྗེ་བཙུན་རེད་མདའ་པའི་འཕྲིན་ཡིག་ལས་སྟོང་པའི་དགོངས་ཚུལ་བཞི་བྱུང་བར་གསུངས་པ་ལ། དང་པོ་དེ་ལྟ་ཡིན་མོད་ཀྱང་ཕྱི་མའི་སྣང་བ་གཟུང་བྱ་ཁོ་ན་ལ་བྱེད་མི་དགོས་ཏེ། ཤེས་པ་ཡང་མེད་བཞིན་དུ་སྣང་ཞིང་ཡུལ་གྱི་དབང་གིས་ཡུལ་ཅན་དང་ཡུལ་ཅན་གྱི་དབང་གིས་ཡུལ་སྣང་བའི་ཕྱིར་རོ། །དེ་གཉིས་ཀ་ལའང་སྣང་བའི་ཐ་སྙད་འཐད་ལ་སྣང་བ་རང་བཞིན་མེད་པར་རྟོགས་པ་དང་། རྟེན་འབྱུང་སྒྱུ་མ་བཞིན་དུ་རྟོགས་པ་དང་། རྟེན་འབྱུང་བརྡ་ཙམ་དུ་རྟོགས་པ་གཉིས་ཀ་ཆོས་རྣམས་གཞི་མེད་རྩ་བྲལ་དུ་རྟོགས་པར་མཚུངས་པ་ལ། སྣང་བ་རང་བཞིན་མེད་པར་རྟོགས་ན་ཡང་། འཛིན་པའི་ཞེན་པ་མི་སྤོང་ཇི་ལྟར་ལགས། །སྒྱུ་མ་ལྟ་བུར་སྨྲ་བ་གང་དེ་ལ། །མྱོང་རིག་སྤང་གཉེན་སྒྱུུ་མ་ཙམ་ཉིད་དུ། །བདེན་པར་ཁས་ལེན་རྒྱུ་མཚན་ཅི་ཞིག་མཆིས། །གལ་ཏེ་སྒྱུ་མ་ཙམ་དུ་སྨྲ་བ་ལ་སྒྱུ་འཛིན་གྱི་ཞེན་པ་ཡོད་པས་སྙམ་ན། །དེ་ལྟ་ན་མིང་རྐྱང་ཙམ་དུ་རྟོགས་པ་ལའང་མིང་འཛིན་ཡོད་པས་མཚུངས་སོ། །དེས་ན་བླ་མའི་བཞེད་པ་དེ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན་ནི། སྤྱིར་སྣང་བའི་ཐ་སྙད་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་འཇུག་མོད་ཀྱང་། གང་ཟག་གི་བརྗོད་འདོད་ཀྱི་དབང་གིས་སྤྱི་མིང་བྱེ་བྲག་པ་གཅིག་ལ་ཞུགས་པ་བསྟན་བཅོས་དང་འཇིག་རྟེན་གྱི་རྣམ་གཞག་དུ་མ་ཞིག་ཡོད་དོ། །དེའི་ཕྱིར་བླ་མའི་ཞལ་སྔ་ནས་སྣང་བ་སྒྱུ་མ་ལྟ་བུར་སྣང་དུས་ཉིད་ནས་རང་བཞིན་མེད་པར་རྟོགས་ནས་ཕྱི་གཟུང་བྱ་ལ་བདེན་འཛིན་ལྡོག་ཀྱང་མྱོང་རིག་ལ་ཞེན་པ་མི་འདོར་ཞེས་གསུང་བ་མི་འགལ་ཏེ། སྣང་བ་རང་བཞིན་མེད་པར་རྟོགས་གསུང་བའི་ཐུགས་རྩེ་གཏད་ས་ཕྱི་རོལ་གྱི་གཟུང་བ་ལ་བཞེད་པའི་ཕྱིར་དང་། ཕྱི་རོལ་རང་བཞིན་མེད་པར་རྟོགས་ཀྱང་ནང་གི་སེམས་ལ་བདེན་ཞེན་མི་འདོར་བ་མི་འགལ་བའི་ཕྱིར་རོ། །དགོངས་ཚུལ་གསུམ་པ་ནང་མྱོང་རིག་དང་ཕྱི་སྣང་བ་གཉིས་ཀའང་རྒྱུ་རྐྱེན་ལ་རག་ལས་པས་སྒྱུ་མ་ལྟ་བུར་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་ཏེ། འདི་ལའང་མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཀྱང་རྟེན་འབྲེལ་སྒྲ་རྟོག་ལ་མི་ལྟོས་པའི་དོན་ཆོས་སྒྱུ་མ་ཙམ་དུ་འཛིན་པ་ཡོད་ཅེས་གསུངས་པ་ནི། ཆོས་རྣམས་སྒྱུ་མ་ལྟར་རྟོགས་པ་གང་ཡིན་ལམ་ཡིན་གྱི་རང་རྒྱུད་པ་རྣམས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པས་དོན་དམ་པར་རང་བཞིན་ཁེགས་ཀྱང་ཀུན་རྫོབ་ཏུ་རྟོགས་པས་བཞག་པ་ཙམ་མིན་པའི་རང་མཚན་འདོད་ལ། དེ་ལྟ་ན་དེའི་ལུགས་ཀྱིས་སྒྱུ་མ་ལྟ་བུར་སྨྲ་བའི་དོན་དེ་ལ་ཀུན་རྫོབ་ཏུ་རྟོག་པས་བཞག་པ་ཙམ་མིན་པའི་དོན་ཆོས་འདོད་དོ། །ཐལ་འགྱུར་བས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཆོས་བདེན་པ་གཉིས་ཆར་དུ་མི་བཞེད་པས་རྟེན་འབྲེལ་བཏགས་ཡོད་མིང་རྐྱང་དུ་གོ་བ་དེའི་ལུགས་སུ་བཞེད་པས་འགལ་བ་མེད་དོ། །དེས་ན་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་གཞན་པའི་རང་བཞིན་མེད་པར་རྟོགས་ཞེས་གསུངས་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཙམ་མིན་གྱི་དོན་དམ་པར་གྲུབ་པའི་རང་བཞིན་མེད་པར་ཡིན་ལ། མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཅེས་གསུང་བའི་མཐར་འཛིན་ཡང་དབུ་མ་པ་སྤྱིའི་ལུགས་ཀྱི་མཐར་འཛིན་ཡིན་ཏེ། ཐལ་འགྱུར་བ་ལྟར་ན་དེ་ལ་ད་དུང་མཐར་འཛིན་དགག་རྒྱུ་ཡོད་དོ། །དེ་ལྟ་མ་ཡིན་ན་མཐའ་ཐམས་ཅད་དང་བྲལ་བའི་དོན་རྟོགས་པའི་ལྟ་བ་ལས་བཟང་བའི་ལྟ་བ་ཡང་ཅེས་ག་ན་སྨྲ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟར་སྣང་བ་དེ་མེད་པའི་སྒྱུ་མ་ལྟ་བུའི་གོ་བ་དང་། སྣང་བ་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དང་། རྟེན་འབྲེལ་བཏགས་ཡོད་ཙམ་དུ་རྟོགས་པ་རྣམས་ལ་ནི་ལྟ་བ་མཐོ་དམན་དུ་གཞག་ཏུ་མེད་དོ། །དབུ་མའི་བསྟན་བཅོས་ཀྱི་དོན་གཞི་ལམ་འབྲས་གསུམ་དང་སྐུ་དང་ཡེ་ཤེས་དང་འཕྲིན་ལས་འཆར་ཚུལ་ཚིག་ཉུང་ལ་དོན་འདྲིལ་བ་ཞིག་དགོས་གསུང་བ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པའི་གཞུང་ལ་གཞི་ལ་ཚུལ་གཉིས་ཏེ། ལུང་དང་རིགས་པས་སྒྲོ་འདོགས་གཅོད་གཞི་དང་། དྲི་མ་སྦྱོང་བའི་བྱེད་པ་འཇུག་པའི་གཞི། །དང་པོ་ལྟར་ན་བདེན་པ་གཉིས་ཡིན་ཏེ། །དོན་དམ་སྤྲོས་དང་བྲལ་བས་ཡོད་མཐའ་དགག །ཀུན་རྫོབ་སྒྱུ་མས་མེད་པའི་མཐའ་སྤངས་ཏེ། །སྒྲོ་སྐུར་རྟག་ཆད་ལ་སོགས་མཐའ་གཉིས་ཀྱི། །ལྟ་བ་ངན་པའི་གདོན་ལས་གྲོལ་བར་བྱ། །ཕྱི་མ་ལྟར་ན་དྲི་བཅས་སེམས་ཀྱི་དབྱིངས། །རང་བཞིན་གདོད་ནས་རྣམ་པར་དག་པ་དང་། །དྲི་མ་འབྲལ་དུ་རུང་བའི་གློ་བུར་བར། །ཤེས་ནས་ཁམས་སྦྱང་ཕྱིར་དུ་བརྩོན་པར་བྱ། །དྲི་མ་དག་བྱེད་དངོས་ནི་སྟོང་པའི་ལན། །འོན་ཀྱང་ལམ་འདིས་དྲི་མ་བག་ཆགས་དང་། །བཅས་པ་མ་ལུས་དག་པར་བྱེད་པ་ནི། །མཐའ་ཡས་བསོད་ནམས་ཚོགས་ལ་རག་ལས་པས། །སེམས་མཆོག་གཉིས་སོགས་རྒྱ་ཆེན་སྤྱོད་པ་ནི། །ངོམས་མི་ཤེས་པར་ཆུ་བོའི་རྒྱུན་ལྟར་སྤྱད། །དེ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ལམ། །ཕྱོགས་རེར་འཆེལ་པ་བྱིས་པ་དགའ་སྐྱེད་ཙམ། །ཟབ་མོ་ཡེ་ཤེས་ཚོགས་ལས་ཆོས་སྐུ་དང་། །རྒྱ་ཆེན་བསོད་ནམས་ཚོགས་ལས་གཟུགས་སྐུ་གཉིས། །གྲུབ་པ་འདི་ནི་འབྲས་བུའི་མཐར་ཐུག་སྟེ། །རིམ་བཞིན་རང་གཞན་དོན་གཉིས་མཆོག་གི་གཞི། །ཇི་ལྟར་རྒྱུ་ཚོགས་གཅིག་ལ་རག་ལས་པའི། །རོ་གཟུགས་འབྲལ་བ་མེད་པ་ཇི་ལྟ་བ། །དེ་བཞིན་ཚོགས་གཉིས་ཀྱི་ནི་རྒྱུ་ཡི་ཚོགས། །གཅིག་ལ་རག་ལས་སྐུ་གཉིས་འབྲལ་མི་རུང་། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་མེད་པའི། །སངས་རྒྱས་སྐུ་མེད་གཟུགས་ཀྱི་སྐུ་ཡིས་སྟོང་། །ཆོས་ཀྱི་སྐུ་ཡང་ཡོད་མིན་དེ་ཡི་ཕྱིར། །རྒྱལ་བའི་ས་ན་དེ་དག་ཟུང་དུ་འཇུག །དེ་ལས་འབད་རྩོལ་བྲལ་བའི་ལྷུན་གྲུབ་དང་། །འཁོར་བ་སྲིད་དུ་བཞུགས་པའི་རྒྱུན་མི་འཆད། །ཁྱད་པར་གཉིས་དང་ལྡན་པའི་འཕྲིན་ལས་ཀྱིས། །སྐལ་ལྡན་འགྲོ་ལ་དོན་གཉིས་ཡིད་བཞིན་སྩོལ། །སྙིང་ནས་བྱང་ཆུབ་སྒྲུབ་ལ་རབ་གཞོལ་བའི། །ཡོན་ཏན་ཁུར་གྱིས་ལྕི་བའི་བླ་མ་དེས། །ཉུང་ངུའི་ལན་གྱིས་དྲིས་དོན་སྤྲིངས་ཤིག་ཅེས། །གསུང་བ་ཇི་བཞིན་འདིར་ནི་མདོ་ཙམ་བཀོད། །ཕྲ་ལ་རྟོགས་དཀའ་དྲང་སྲོང་ཆེན་པོའི་ལམ། །ཟབ་མོ་དབུ་མའི་ལམ་འདི་དཔག་དཀའ་བས། །རྣམ་དཔྱོད་ཅན་ཁྱོད་ཚིམ་པར་མ་སླ་བར། །བླ་མ་ལྷག་པའི་ལྷ་ལ་གསོལ་བཏབ་སྟེ། །བསག་སྦྱང་མང་པོས་རྒྱུད་ནི་སྨིན་བྱས་ནས། །ཡང་དང་ཡང་དུ་རྣམ་པར་དཔྱོད་ཅིག་དང་། གོང་ནས་གོང་དུ་བློ་གྲོས་ཁྱད་ཞུགས་ནས། །ཤིན་ཏུ་ཕྲ་བའི་གནས་ཀྱང་ཕྱེད་པར་འགྱུར། །ཞེས་པའི་ཕྲིན་ཡིག་སྐྱེས་ཀྱི་བརྡའ་མཚོན་པར། རྟག་ཏུ་ངུའི་རྟོགས་པ་བརྗོད་པ་དང་། ངེད་རང་གི་གོན་འཕྲོའི་རིང་འགག་ཅིག་ལ་ཐེའུ་ཚེ་འདི་འབྱར་བ་འབུལ། ངེད་ཀྱིས་བྱས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ལ། ཁྱེད་ཀྱིས་དགག་པ་བཞི་བྱས་འདུག་པའི་ཞལ་གྱི་སྐབས་སུ། སློབ་དཔོན་ལ་ལཱི་ཏའི་རོ་ལངས་བརྒྱད་བསྐོར་གྱི་སྒྲུབ་ཐབས་སུ། གཡས་ཀྱི་རྭ་ཡི་ཞལ་གསུམ་ནི། །དང་པོ་མཐིང་ཀ་གཡས་དམར་པོ། །གཡོན་སེར་ཤིན་ཏུ་ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། །དཀར་པོ་དུད་ཁ་དེ་བཞིན་དུ། །ནག་པོ་ཤིན་ཏུ་ཁྲོས་པའོ། །ཞེས་པའི་རྭ་གཡས་པའི་དབུས་མ་དང་། གཡོན་པའི་དབུས་མ་ལའང་རྩ་ཞལ་དུ་བྱས་ཏེ། དེ་དག་རིམ་པ་བཞིན་དུ་སྔོན་པོ་དང་། དཀར་པོར་འཆད་ཅིང་དེ་དག་ལ་ཞལ་དང་པོར་གསུངས་མོད། འོན་ཀྱང་ལ་ལཱི་ཏའི་ཞེ་དགུ་མའི་སྒྲུབ་ཐབས་སུ། རྭ་རྩ་ན་ནི་ཞལ་གསུམ་སྟེ། །གཡས་ཀྱི་དང་པོའི་ཞལ་ནི་སྔོ། །དེ་ཡི་གཡས་དམར་སེར་པོ་དང་། གཡོན་པའི་རྭ་རྩའི་ཞལ་གསུམ་ནི། །དཀར་དང་དུད་ཁ་ནག་པོའོ། །ཞེས་པ་འདིས་སྔ་མ་ལ་གནོད་དོ། །གཡས་དམར་ཞེས་པའི་གཡས་ཐོག་མའི་གསལ་བྱེད་ཡིན་པས། དེའི་གཡས་སུ་སེར་པོ་འོང་བར་བཤད་པ་དང་། འདི་དག་ཏུ་དཀར་དང་དུད་ཁ་ནག་པོ་ཞེས་རིམ་པ་བཞིན་བཤད་པས་སོ། །རོ་ལངས་བརྒྱད་བསྐོར་འདི་མ་གཏོགས་གཞན་རྒྱུད་དང་སྒྲུབ་ཐབས་གང་དུའང་གཡས་གཡོན་གྱི་བར་མ་ལ་རྩ་ཞལ་བྱས་པའི་ཐ་སྙད་ཡེ་མ་བྱུང་ཞིང་། གལ་ཏེ་སློབ་དཔོན་འདི་དེ་ལྟར་བཞེད་ན་འདི་ཨུ་རྒྱན་གྱི་ཡུལ་ནས་རྒྱུད་ལེན་པ་པོ་དངོས་ཡིན་པས་འཕགས་ཡུལ་དུ་ཚུལ་འདི་ལྟར་འཆད་པའི་རྗེས་འབྲང་མང་དུ་འོང་རིགས་པ་ལས་གང་ཡང་མ་བྱུང་བས་འདི་ནི་ཆེས་ཐེ་ཚོམ་ཟ་བར་སྣང་ངོ་། །འོ་ན་གཡོན་སེར་ཤིན་ཏུ་ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། །ཞེས་སོགས་ཇི་ལྟར་འཐད་ཅེ་ན། སྔ་མ་ནི་འགྱུར་འཕྱུགས་པ་ཡིན་ལ། ཕྱི་མ་ནི་ཡི་གེ་ཉམས་པ་སྟེ། དེ་ཡང་སཱ་བྱ་ཏ་ཞེས་པ་གཡོན་དང་ཅིག་ཤོས་གཉིས་ལ་འཇུག་པའི་འདི་ཅིག་ཤོས་ཏེ། དང་པོ་མཐིང་ཁ་དང་གཡས་དམར་པོ་དངོས་སུ་སྨོས་པས། ཅིག་ཤོས་སེར་པོ་ལས་འོས་མེད་པས་སོ། །དེས་ན་ཅོག་གྲུབ་ཤེས་རབ་བླ་མའི་འགྱུར་སྐྱོན་ཏེ། དང་པོ་མཐིང་ཁ་གཡས་དམར་པོ། །ཅིག་ཤོས་སེར་ཞིང་ཁྲོ་བའོ། །ཞེས་གདོན་ན། གཉིས་པ་ནི་རྭ་རྩའི་ཞལ་རྩ་ཞལ་དུ་ཤོར་བ་སྟེ། ཞེ་དགུ་མའི་སྒྲུབ་ཐབས་སུ། རྭ་རྩ་ན་ནི་ཞལ་གསུམ་སྟེ། །གཡས་ཀྱི་དང་པོའི་ཞལ་ནི་སྔོ། །ཞེས་དང་གཡོན་པའི་རྭ་རྩའི་ཞལ་གསུམ་ནི། ཞེས་སོགས་འབྱུང་བས། འདི་ལ་ཐེ་ཚོམ་མེད་དོ། །མཁས་པའི་ལེགས་བཤད་ནོར་བུའི་ཚོགས་ནང་དུ། །སྐྱོན་གྱི་མཆིང་བུ་ཅུང་ཟད་སྲིད་པ་སྟེ། །ཞེས་དཔེ་དང་བཅས་པས་བསྒྲུབས་འདུག་པ་འདི་ལ་ལན་བརྗོད་པར་བྱ་སྟེ། དེ་ཡི་གཡས་དམར་སེར་པོ་དང་། །ཞེས་པའི་གཡས་ཐོག་མའི་གསལ་བྱེད་ཡིན་པས་སེར་པོ་གཡས་སུ་འོང་བས། དེས་གཡོན་སེར་པོར་བཤད་པ་ལ་གནོད་ཅེས་པ་དང་། སཱ་བྱ་ཏའི་སྐད་དོད་གཡོན་དང་ཅིག་ཤོས་གཉིས་ཀ་ལ་འཇུག་པ་ཡིན་ལ། དེ་ཡང་དང་པོ་མཐིང་ཁ་གཡས་དམར་པོ། ཅིག་ཤོས་སེར་ཞིང་ཁྲོ་བའོ། །ཞེས་བསྒྱུར་རྒྱུ་ཡིན་པས། དང་པོ་མཐིང་ཁ་གཡས་དམར་པོ་དངོས་སུ་སྨོས་པས་ཅིག་ཤོས། སེར་པོ་ལས་འོས་མེད་པའོ། །ཞེས་པ་དྲི་ཤིན་ཏུ་མི་རིགས་ཏེ། །ཅིག་ཤོས་སུ་བསྒྱུར་བ་ཡིན་དུ་ཆུག་ཀྱང་། དང་པོ་ཐང་ཁ་གཡས་དམར་པོ། །ཞེས་འབྱུང་བ་སོར་འཇོག་པར་ཡང་སྣང་ལ། དེ་ལྟར་བྱ་ཡང་དགོས་པས་དེའི་ཚེ། །ཅིག་ཤོས་ཞེས་པ་གཡས་པའི་ཅིག་ཤོས་ཡིན་པས་གཡོན་པ་ཡིན་གྱི། མཐིང་ཁ་དང་དམར་པོའི་ཅིག་ཤོས་སེར་པོའོ། །ཞེས་འཆད་པ་ནི་ཆེར་མ་འབྲེལ་ཏེ། དཔེར་ན་རྐྱེན་ལས་སྐྱེས་དང་ཅིག་ཤོས་དང་། ཞེས་པའི་ཅིག་ཤོས་རྐྱེན་ལས་མ་སྐྱེས་པ་ཡིན་པ་བཞིན་ཏེ། ཡོངས་སུ་གྲགས་པའི་སྔ་མའི་ལྡོག་ཟླ་ལ་ཅིག་ཤོས་སུ་འཆད་པ་གཞུང་ལུགས་པ་སྤྱིའི་ལུགས་སོ། །དེ་ཡི་གཡས་དམར་སེར་པོ་དང་། །ཞེས་ཞལ་དམར་པོ་ལ་དེའི་གཡས་ཞེས་འབྱུང་བས། དམར་པོའི་འོག་ཏུ་བྱུང་བའི་སེར་པོ་ལ་ཡང་། གཡས་ཞེས་པ་སྦྱར་དགོས་པའི་ངེས་པ་མེད་དེ། དེ་འདྲའི་རིགས་ལ་ཐོག་མའི་གསལ་བྱེད་ཡིན་མིན་གཉིས་ཀ་ཡོད་པའི་ཕྱིར་དང་། འདིར་སྨོས་པ་ཐོག་མའི་གསལ་བྱེད་ཡིན་པ་ད་དུང་བསྒྲུབ་དགོས་པའི་ཕྱིར་རོ། །ཤིན་ཏུ་མི་གསལ་བའི་ཞེ་དགུ་མའི་ལུང་། དེ་ཡི་གཡས་དམར་སེར་པོ་དང་། ཞེས་པའི་སེར་པོ་ཞེས་པའི་ལུང་གིས། གཡོན་སེར་ཞེས་པ་འགོག་ན། གཡོན་པ་སེར་པོར་ཤིན་ཏུ་གསལ་བར་བཤད་པ་ཁུངས་སུ་བྱས་ནས། ཞེ་དགུ་མའི་འགྱུར་མ་དག་པར་བསྒྲུབས་ན་ལན་ཅི་ཡོད། དེས་ན་དེ་གཉིས་འགྱུར་ལ་ཁག་འཇོག་མི་དགོས་ཏེ། ཞེ་དགུ་མའི་སེར་པོ་ཞེས་པ། གཡོན་སེར་ཞེས་པ་དང་མཐུན་པར་བཤད་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ཡང་དཀར་དང་དུད་ཁ་ནག་པོ་ཞེས་རིམ་པ་བཞིན་དུ་བཤད་པས་གནོད་པར་སྨྲ་བ་ཡང་མི་འཐད་དེ། དཔེར་ན་མདོར་བྱས་ལས། རྣམ་སྣང་གི་ཞལ་གསུམ་འཆད་པ་ན། དཀར་དང་གནག་དང་དམར་བའི་ཞལ། །ཞེས་དང་པོ་དཀར་པོ་དང་། གཉིས་པ་ནག་པོ་དང་། གསུམ་པ་དམར་པོར་རིམ་པ་བཞིན་དུ་བཤད་ཀྱང་། དེ་གསུམ་དཀར་པོ་ནས་བཟུང་སྟེ་གཡས་གཡོན་གང་རུང་གཅིག་ལ་མཐར་ཆགས་སུ་སྒྲིག་མི་དགོས་ཤིང་། དང་པོ་ཞལ་དབུས་མ་དང་། གཉིས་པ་གཡས་ཞལ་དང་། གསུམ་པ་གཡོན་ཞལ་ལ་བྱ་དགོས་པ་བཞིན་ཏེ། སྒྲུབ་ཐབས་དེར་དེ་འདྲ་བ་མང་ངོ་། །དེ་བཞིན་དུ་ལ་ལཱི་ཏིའི་སྒྲུབ་ཐབས་ཆུང་བ་ལས། དབུས་དང་ཤར་དང་ལྷོ་དང་ནུབ། །དེ་བཞིན་སྟེང་གི་ཁྲོ་བོ་རྣམས། །མཐིང་དང་དཀར་པོ་དམར་པོ་དང་། །དེ་ལྟར་སྔོན་པོ་དཀར་དང་དམར། །ཞེས་རིམ་པ་བཞིན་བཤད་ཀྱང་དེ་རྣམས་དབུས་དང་གཡས་དང་གཡོན་གྱི་ཞལ་གྱི་རིམ་པ་ཡིན་ནོ། །དེས་ན་རྟོག་བདུན་ལས་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་ཞེས་པ་དང་། དང་པོ་དཀར་པོ། གཉིས་པ་དུད་ཁ། གསུམ་པ་ནག་པོ་ཞེས་རིམ་པ་བཞིན་དུ་བཤད་པ་དང་། དེ་གསུམ་རིམ་པ་བཞིན་དབུས་དང་གཡས་གཡོན་གྱི་ཞལ་དུ་བྱེད་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །ངེད་ཀྱིས་རྭ་གཉིས་ཀྱི་རྩ་བའི་ཞལ་གསུམ་ཚན་གཉིས། དབུས་དང་གཡས་གཡོན་གྱི་ཞལ་དུ་བྱེད་པ་ལ། སྒྲུབ་ཐབས་ཆུང་བའི་ལུང་དྲངས་པ་ནི། བོད་སྔ་མ་ཁ་ཅིག་དང་པོ་གཉིས་པ་གསུམ་པའི་གྲངས་ལ་འཁྲུལ་ནས་མདུན་ནས་རྒྱབ་ཕྱོགས་སུ་གསུམ་གསུམ་མཐར་ཆགས་སུ་བྱེད་པ་དང་། ཡང་ཁ་ཅིག་མ་ཧེའི་ཞལ་གྱི་སྟེང་དུ་ཞལ་གཞན་གཉིས་བརྩེགས་པ་ལ་དཔགས་ནས། གཡས་གཡོན་གྱི་ཞལ་གསུམ་གསུམ་ཡང་། རྭ་གཉིས་ཀྱི་ནང་དུ་བརྩེགས་ནས་བྱེད་པ་ནོར་བར་བསྟན་པའི་ཕྱིར་ཡིན་ལ། ངེད་ཀྱི་སྒྲུབ་ཐབས་སུ་དབུས་མ་གཉིས་རྩ་ཞལ་དུ་བྱེད་པ་དང་འབྱེད་པ་གང་གི་ཡང་བཤད་པ་མ་བྱས་པས། ཁྱེད་ཀྱིས་ཞལ་སྔོན་པོ་དང་དཀར་པོ་རྩ་ཞལ་ཡིན་པ་ཁེགས་སུ་ཆུག་ཀྱང་ངེད་ཀྱི་སྒྲུབ་ཐབས་ལ་ནི་ཅི་ཡང་མི་གནོད་དོ། །དེ་ལྟར་རྒྱུད་ལས་དང་པོ་སྔོན་པོ་སོགས་སུ་བཤད་པ་ལ་དོགས་པའི་གནས་ཡོད་པ། གསལ་བར་ལ་ལཱི་ཏས་དབུས་དང་གཡས་གཡོན་གྱི་ཞལ་དུ་བཤད་པ་ཡིན་ནོ། །ཁྱེད་རང་གི་དཔྱད་པ་དེ་ལྟར་བྱེད་པའི་ལུགས་ལའང་དེ་བཞིན་གཡོན་པའི་རྩ་བའི་ཞལ། དང་པོ་དཀར་པོ་ཞེས་པའི་དོན། རྭའི་རྩ་བའི་ཞལ་དུ་བྱ་དགོས་པའི་ཁུངས་སུ་སྒྲུབ་ཐབས་ཆེ་བ་དྲངས་ན་མཛེས་ཀྱི་ཡི་གེ་ཉམས་པར་འཆད་པ་དང་། གཞུང་ཆུང་བས་རྩ་ཞལ་དུ་བསྟན་པར་འཆད་པ་ལེགས་པར་མ་མཐོང་ངོ་། །དབུས་མའི་ཞལ་གཅིག་ལ་གཡས་གཡོན་གྱི་ཞལ་གཉིས་གཉིས་བྱུང་བས་དབུས་ཞལ་ལ་རྩ་ཞལ་དུ་བཤད་པ་ཡིན་ཞེས་འཆད་པའི་བཤད་པ་ཅུང་ཟད་བྱ་རྒྱུ་འདུག་ན་ཡང་ཁྱེད་གསུང་བ་ལྟར་གཞུང་དེའི་དོན་སྒྲུབ་ཐབས་ཆེ་བ་དང་བསྒྲིགས་ནས། རྭའི་རྩ་བའི་ཞལ་དུ་བྱས་ན་འགྲིག་ཚབས་ཆེའོ། །ལྷ་གཅིག་ལ་ཡང་དེ་འདྲ་བའི་དབུས་ཞལ་མང་པོ་བྱུང་ཡང་མི་འགལ་ཏེ། ཞལ་བཅུ་གཅིག་པ་བཞིན་ནོ། །རོ་ལངས་བརྒྱད་བསྐོར་འདི་མ་གཏོགས་པ་གཡས་གཡོན་གྱི་བར་མ་ལ་རྩ་ཞལ་དུ་བྱས་པ་མ་བྱུང་ཞིང་། སློབ་དཔོན་འདི་དེ་ལྟར་བཞེད་ན་འདི་རྒྱུད་གདན་འདྲེན་མཁན་ཡིན་པས། དེ་ལྟར་འཆད་པའི་རྗེས་འབྲང་མང་དུ་འོང་དགོས་པ་ལས། གང་ཡང་མ་བྱུང་བས་འདི་ནི་ཆེས་ཐེ་ཚོམ་མོ། །ཞེས་པའི་ཐེ་ཚོམ་མོ། །ཞེས་པ་ལ་སྒྲུབ་ཐབས་ནི་སློབ་དཔོན་དེས་མཛད་པར་ཁྱེད་རང་གིས་ཀྱང་མཛད་འདུག་པས་དེ་ལ་ཟེར་ས་མེད་ལ། དང་པོ་གཉིས་རྩ་ཞལ་ཡིན་པ་འགེགས་པར་སྣང་བས། དེ་ལའང་ཁྱེད་རང་ལ་ཐེ་ཚོམ་ཆེན་པོ་ཡོད་པའི་ལུགས་མིན་མཆི། ཞལ་གྱི་འགྲོས་དེ་ལྟར་བཞེད་ན་འདིའི་རྗེས་འབྲངས་མང་དུ་འོང་རིགས་པ་ལས་མི་སྣང་ཞེས་པ། བོད་ན་འདུག་པའི་འདི་རྒྱ་གཞུང་གི་སྒྲུབ་ཐབས་ལ་མཛད་དགོས་པས། དེ་ལ་ཡང་རྟགས་དེ་མ་ངེས་པ་ཡིན་ཏེ། ལ་ལཱི་ཏའི་སྒྲུབ་ཐབས་ཆེ་ཆུང་གཉིས་ཇི་བཞིན་དུ་ལྷ་ཞེ་དགུ་མ་དང་། ལྷ་དགུའི་སྒྲུབ་ཐབས་ཕྱོགས་འདིའི་རྒྱ་གཞུང་གཞན་ལ་མི་སྣང་བའི་ཕྱིར་དང་། ཞེ་དགུ་མར་འཇམ་དབྱངས་སུ་བསྐྱེད་ནས་བགེགས་གཞོམ་པར་གསུངས་པ་ཇི་བཞིན་པ་དང་། རོ་ལངས་བརྒྱད་བསྐོར་གྱི་བཤད་པ་ཇི་བཞིན་དུ། ཁྲོ་བཅུ་བསྒོམ་པ་ཕྱོགས་འདིའི་རྒྱ་གཞུང་གཞན་ལ་མི་སྣང་བའི་ཕྱིར་རོ། །ཞལ་གྱི་རྣམ་གཞག་ལ་དཔྱད་པ་བྱས་པའི་ལན་བཤད་ཟིན་ཏོ། །ཕྱག་མཚན་འཛིན་པའི་སྐབས་སུ་ལ་ལཱི་ཏའི་སྒྲུབ་ཐབས་ཆུང་བར་ཕྱག་དང་པོ་གཉིས་ཀྱི་གླང་ལྤགས་འཛིན་པར་བཤད་ལ། དེའི་རྗེས་སུ་འབྲངས་ཏེ། ཤྲི་བྷ་དྲ་དང་མཉྫུ་ཛྙཱ་ནས་ཀྱང་དེ་བཞིན་དུ་བཤད། དཔལ་འཛིན་གྱིས་ཕྱག་དང་པོ་བཞི་པས་གླང་ལྤགས་འཛིན་པར་བཤད། དེ་བཞིན་དུ་སོ་ན་ཤྲཱི་དང་རྡོ་རྗེ་གྲུབ་པའི་འགྲེལ་པར་ཡང་བཤད་པ་རྣམས་ལས། འདིར་རྒྱུད་ཀྱི་དགོངས་པ་ནི་ཕྱག་སོ་བཞིའི་དང་པོས་གྲི་གུག་འཛིན་པ་ཡིན་ཏེ། རྟོག་པ་དང་པོར་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཕྱག་མཚན་རྣམས་རིམ་པ་བཞིན་འགོད་པའི་འགོ་གྲི་གུག་ནས་བརྩམས་པས་སོ། །རྭ་སྐྱོ་ཞང་གསུམ་མལ་ལོ་ཙཱ་བ་སྟེ། བོད་ཡུལ་དུ་མཐོང་བ་བརྒྱུད་པའི་མན་ངག་དང་ལྡན་པ་པཎྜི་ཏ་མཁས་པ་ལ་ལེགས་པར་གཏུགས་པའི་བཀའ་སྲོལ་བཞི་ཆར་གྱིས་ཀྱང་ཕྱོགས་བཞིའི་དང་པོར་གྲི་གུག་བཀོད་པས་སོ། །འགྲེལ་པ་དང་སྒྲུབ་ཐབས་ཀྱི་ཚིག་ཟིན་ཙམ་ལ་ངེས་པ་མི་སྣང་སྟེ། ཞི་བའི་ཡེ་ཤེས་ཀྱིས་གཡས་ཞལ་གསུམ་རྭ་ཅན་དུ་བཤད་པ་དང་། ཛྙཱ་ན་ཀ་རས་སྟག་ལྤགས་ཅན་དུ་བཤད་ཀྱང་། ཞལ་དང་པོ་མ་ཧེ་ཞེས་དང་། གཅེར་བུ་མདོག་ནག་པོ་ཞེས་སོགས་རྟོག་བདུན་དང་ཁ་སྦྱོར་གྱི་རྒྱུད་དང་འགལ་བ་ལྟ་བུའོ། །ཞེས་ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པ་འགོག་པ་ལ་ལན་བརྗོད་པར་བྱ་སྟེ། ལ་ལཱི་ཏས་ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པར་བཤད་པ་ཡང་དྲངས་ཤིང་། སློབ་དཔོན་འདི་ཨྱོན་ནས་རྒྱུད་ལེན་པ་པོ་དངོས་ཡིན་པས་ཕྱོགས་འདི་ལ་ཚད་མར་གྱུར་པར་བྱེད་བཞིན་དུ། ཕྱག་དང་པོ་གཉིས་ཀྱི་གླང་ལྤགས་འཛིན་པ་མིན་ཞེས་འགོག་པ་འདི། དེའི་དགོངས་པ་འདི་ཡིན་ཞེས་ཀྱང་མ་བཞག་འདུག་པས། དགོངས་པ་གཞན་མེད་ན་ནི་ཁས་བླངས་པ་དང་འགལ་ལ། དགོངས་པ་གཞན་ཡོད་ནའང་བཤད་དགོས་ཏེ་རྙེད་པར་མི་ནུས་སོ། །དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཕྱག་མཚན་འགོད་པའི་མགོ་གྲི་གུག་ནས་བརྩམས་པའི་ཕྱིར་ཞེས་པའི་རྟགས་ནི་ཤིན་ཏུ་ཡང་མ་ངེས་ཏེ། དེ་ལྟ་ཡིན་ན་དཀྱིལ་འཁོར་ལ་ཕྱག་མཚན་འགོད་པའི་དང་པོ་ཤར་དུ་མགོ་བོ་ཞེས་རྒྱུད་དང་ཞེ་དགུ་མ་གཉིས་ཀར་གསུངས་པས་ཕྱག་དང་པོས་མགོ་བོ་འཛིན་དགོས་པར་འགྱུར་བ་དང་། དཀྱིལ་འཁོར་ཀྱི་ལྷ་སྣམ་ལ་ཕྱག་མཚན་བཀོད་པ་དང་། ཕྱག་རྣམས་ཀྱིས་ཕྱག་མཚན་འཛིན་པའི་གོ་རིམ་མི་མཐུན་པ་དུ་མ་འདུག་པའི་ཕྱིར་དང་། ཁྱད་པར་གླང་ལྤགས་འཕན་རྩེ་གསུམ་པའི་འོག་རྡོ་རྗེ་ཐོ་བའི་སྔ་རོལ་ཏུ་བཀོད་པའང་མི་འཐད་པར་འགྱུར་ལ། ལྷ་སྣམ་ལ་ཕྱག་མཚན་ཐ་མར་མེ་ཐབ་བཀོད་པས་དེ་ཕྱག་ཐ་མས་འཛིན་དགོས་པར་འགྱུར་རོ། །བོད་ཀྱི་བླ་མས་རྒྱ་གར་བ་ལ་མཉན་པའི་འགའ་ཡར་ཞལ་མཐུན་དུ་བྱུང་བས། ཐམས་ཅད་ལ་དེ་ཁོ་ན་ལྟར་ཡིན་པའི་ཁྱབ་པ་ཁྱེད་རང་གིས་ཀྱང་མི་བཞེད་དགོས་པས་དེ་རྟགས་སུ་བཀོད་ནས་དོན་དེ་ཁོ་ན་ལྟར་སྒྲུབ་པའང་མ་ངེས་ལ་ཁྱད་པར་དུ་པཎྜི་ཏ་ཞི་བའི་ཡེ་ཤེས་དང་ཛྙཱ་ན་ཀ་ར་ལ་ནོར་བ་བཟུང་བས་ནི་པཎྜི་ཏ་ལ་དངོས་སུ་མཉན་པའི་ཁ་མཐུན་གྱི་རྟགས་མ་ངེས་པ་ཆེན་པོར་སོང་ལ། པཎྜི་ཏ་མཁས་པ་ཞེས་པས་ཀྱང་བོད་ཀྱི་རྭ་ལ་སོགས་པས་མཉན་པའི་པཎྜི་ཏ་རྣམས། པཎྜི་ཏ་མཁས་པ་དེ་དག་ལས་མཁས་པར་ན་འཇོག་མི་ནུས་སོ། །ཁོ་བོ་ཅག་གིས་ནི་རང་གིས་ཕྱག་དང་པོ་ལ་གཉིས་སུ་ཕྱེ་བ་དང་དེ་ལྟར་བཤད་པའི་རྒྱ་གར་བ་གཞན་ཡང་ཡོད་ཅེས་པའི་དོན་ཡིན་གྱི། དེ་དག་གིས་བཤད་པའི་ཕྱིར་ཅེས་སྒྲུབ་བྱེད་དུ་མི་སྨྲ་བས་མི་གནོད་དོ། །དེས་ན་རྟོག་བདུན་དང་། སམྦྷུ་ཊིར། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པ་དང་། གཡས་གཡོན་གྱི་ཕྱག་བཅུ་དྲུག་པ་གཉིས་ཀྱིས་ཕྱག་མཚན་འཛིན་ཚུལ་རྫོགས་པར་བཤད་པའི་མཇུག་ཏུ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པའོ། །ཞེས་པ་མ་གཏོགས་པ་ཕྱག་དེ་གཉིས་དང་པོ་དང་ཐ་མ་གང་ཡིན་མ་བཤད་དོ། །འདི་ལ་ཞེ་དགུ་མར་ཕྱག་ནི་སུམ་ཅུ་རྩ་བཞི་སྟེ། གཉིས་ཀྱིས་གླང་པོའི་པགས་རློན་འཛིན། གཡས་ཀྱི་དང་པོ་གྲི་གུག་འཆང་། ཞེས་རྒྱུད་ན་འོག་ན་ཡོད་པ་དང་པོར་བཏོན་ལ། སྒྲུབ་ཐབས་ཆུང་བར་ཡང་། གཡས་གཡོན་དང་པོའི་ཕྱོགས་གཉིས་ཀྱིས། གླང་ཆེན་ལྤགས་པ་རློན་པ་བསྣམས། །གྲི་གུག་བྷི་དྷི་པཱ་ལ་དང་། །ཞེས་གླང་ལྤགས་འཛིན་པ་གཉིས་དང་པོར་འདོན་པ་སྔར་བཞིན་བཤད་དེ། དེ་ཡང་ཕྱག་དང་པོ་གཉིས་ཀྱིས་འཛིན་པར་བཤད་དེ། འོ་ན་འདི་ཞེ་དགུ་མར་ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པར་བཤད་པ། རྒྱུད་གཉིས་ལས་ཀྱང་དེ་བཞིན་དུ་གསུངས་པ་མི་འགལ་བ་ནི་དགོས་པས་དེའི་བཤད་ཚུལ་ཇི་ལྟར་བྱེད་སྙམ་ན་འགལ་བ་མེད་དེ། གླང་ལྤགས་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་འཛིན་པར་བཤད་པའི་དང་པོ་ནི། སུམ་ཅུ་སོ་བཞིའི་དང་པོ་ཡིན་ཏེ། ཞེ་དགུ་མ་སྔར་དྲངས་པ་ལས་ཤེས་ལ། གྲི་ཐོད་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་འཛིན་པར་བཤད་པའི་རྒྱུད་ཀྱི་དགོངས་པ་ནི། སུམ་ཅུ་སོ་གཉིས་ཀྱི་དང་པོ་ལ་དགོངས་པའི་ཕྱིར་རོ། །དཔལ་འཛིན་གྱིས་དེ་དང་ཅུང་མི་འདྲ་བར་བཤད་ཀྱང་འདིར་ནི་ལ་ལཱི་ཏའི་ལུགས་གཙོ་བོར་བཟུང་བའི་ལུགས་སོ། །དེ་ལྟར་ཡིན་ཀྱང་གཅིག་ཁོ་ན་བཟུང་ནས་གཞན་འགོག་མི་ཉན་ཏེ། གཉིས་ཀའང་གྲུབ་ཆེན་གྱི་གཞུང་ནས་འབྱུང་བའི་ཕྱིར་ཏེ། དཔེར་ན་གྲུབ་ཆེན་ལཱུ་ཨི་པའི་བདེ་མཆོག་གི་སྒྲུབ་ཐབས་ཆེ་བ་ཕྱག་དང་པོ་གཉིས་ཀྱི་འོག་མ་གཉིས་ཀྱིས་གླང་ལྤགས་འཛིན་པར་བཤད་ལ། དཔའ་བོ་གཅིག་པའི་སྒྲུབ་ཐབས་སུ་གཡས་གཡོན་གྱི་དྲུག་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ་ཞེས་བཤད་པ་བཞིན་ནོ། །གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ཞབས་འོག་གི་སྲོག་ཆགས་རྣམས་ལའང་། གཞུང་ཁུངས་ཐུབ་རྣམས་སུ་མི་མཐུན་པ་མང་དུ་བཤད་པ་ཡིན་པས། གླང་ལྤགས་འཛིན་ཚུལ་ཁོ་ནར་མ་ཟད་དོ། །ཕྱག་མཚན་ལ་དཔྱད་པ་བྱས་པའི་ལན་བཤད་ཟིན་ཏོ། །

                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།