ཆེད་བསྒྲིགས། ལྔ་མཆོད་མཆོད་པའི་སྙན་དབྱངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 18:47:32     རྩོམ་པ་པོ།   ཁྲི་ལྗོན་བཟང་།    ཀློག་ཐེངས།  

269335849404376432.jpg

བགྲང་ཡས་དཔག་མེད་བསྐལ་བའི་སྔོན་རོལ་ནས། །

མ་རྣམས་དོན་དུ་རྣམ་དག་ཐུགས་བསྐྱེད་ཅིང་། །

སྤྲུལ་བའི་གར་གྱིས་ས་གསུམ་ཁྱབ་བྱེད་པའི། །

སེང་གེ་ང་རོ་མཆོག་གི་སྤྲུལ་བའི་སྐུ། །

 

བསྐལ་བཟང་འདི་ལ་རྒྱལ་བའི་མདུན་ས་ཆེར། །

ཐ་མལ་བྲམ་ཟེ་ཁྱེ་འུའི་ངང་ཚུལ་གྱིས། །

རིན་ཆེན་ཤེལ་གྱི་ཕྲེང་བ་ལེགས་ཕུལ་ནས། །

བྱང་ཆུབ་སེམས་བསྐྱེད་གསལ་བོར་ལུང་བསྟན་མཛད། །

 

རྣམ་དག་ལྟ་སྒོམ་སྤྱོད་པའི་རང་འོད་ཀྱིས། །

ཐུབ་བསྟན་གངས་རིའི་ཁྱོན་ཡོངས་གསལ་བྱས་པས། །

ཙོང་ཁ་བ་ཞེས་སྙན་པའི་གྲགས་པ་ཅན། །

བདག་སྙིང་འདབ་སྟོང་པདྨའི་ལྟེ་བར་བཞུགས། །

 

ངོ་མཚར་བྱུང་བའི་གཏམ་གྱིས་ཡིད་འཕྲོག་ཅིང་། །

དད་གསུམ་འཛུམ་པའི་གང་བུ་གསར་དུ་ཕྱེ། །

ལེགས་ཚོགས་ཟད་པ་མེད་པའི་ཆར་རྒྱུན་གྱིས། །

ནམ་ཡང་འབྲལ་མེད་དུས་ཀུན་སྐྱོང་མཛོད་ཅིག །

 

བགྲང་བྱའི་ཁུར་གྱིས་ལྕི་བའི་དུས་འདི་རུ། །

མཛད་པའི་རྣམ་ཐར་ཡིད་ལ་ཡང་ཡང་དྲན། །

རྒྱ་ཆེན་མཛད་པ་བློ་ཡིས་གཞལ་དཀའ་ཡང་། །

གང་འཚམ་བློ་ལ་རི་མོ་ཅུང་ཟད་བགྱིད། །

 

ཤར་ཕྱོགས་ཡུལ་ན་རིག་པའི་དཔའ་བོ་གང་། །

ཆོས་ཀྱི་རྒྱལ་བོ་དོན་འགྲུབ་རིན་ཆེན་ལ། །

ཁྲོས་པའི་གར་མཛད་རྡོ་རྗེ་འཇིགས་བྱེད་ཀྱིས། །

སང་ཕོད་འདིར་འོང་ཞེས་པའི་ལུང་བསྟན་མཛད། །

 

མེ་མོ་བྱ་ཡི་དུས་ཚེས་དགེ་བའི་ཉིན། །

ངོ་མཚར་སྣ་ཚོགས་སྒྱུ་མའི་ལྟས་དང་བཅས། །

མདོ་སྨད་ས་ཡི་ཐིག་ལེ་ཙོང་ཁ་རུ། །

ཕལ་བའི་མངལ་གྱི་སྐྱོན་དག་སྤངས་ཏེ་བྱོན། །

 

ཉི་གཞོན་འཆར་བའི་བརྡ་རུ་སྐྱ་རེངས་བཞིན། །

ཡབ་ཡུམ་ནང་འཁོར་ཡུལ་མིའི་གཟིགས་སྣང་ལ། །

འཇམ་དབྱངས་སྤྱན་རས་གཟིགས་དང་གསང་བདག་སོགས། །

སྣ་ཚོགས་སྤྲུལ་བའི་གར་གྱིས་བྱོན་པར་མཐོང་། །

 

གཞོན་ནུའི་དུས་ནས་བླ་མ་ལྷག་པའི་ལྷས། །

ལེགས་པར་རྗེས་བཟུང་བྱིན་རླབས་ཆུ་རྒྱུན་གྱིས། །

དུས་ཀུན་ཟད་པ་མེད་པར་ལེགས་བསྐྱངས་ཤིང་། །

སངས་རྒྱས་གཉིས་པ་ལྟ་བུར་ལུང་ཡང་བསྟན། །

 

དགོང་ལོ་གསུམ་པར་ཡབ་ཡུམ་མཆོག་དང་ལྷན། །

རོལ་བའི་རྡོ་རྗེའི་ཞབས་ལ་ཉེར་བཏུད་ནས། །

སོ་ཐར་ཚུལ་ཁྲིམས་གཙང་མའི་སྒོར་ཞུགས་ཏེ། །

དགེ་བསྙེན་ཀུན་དགའ་སྙིང་བོ་ཞེས་སུ་གསོལ། །

 

ཆུང་ངུའི་དུས་ནས་རིག་པའི་དཔའ་བོ་ཡི། །

བྱམས་བརྩེ་དྲི་མེད་འོད་ཀྱིས་ལེགས་བསྐྱངས་ཤིང་། །

བཀའ་གདམས་མེས་པོ་མར་མེ་མཛད་པའི་དཔལ། །

འོད་གསལ་རྨི་ལམ་ཞིང་ནས་ཡང་ཡང་མཇལ། །

 

མན་ངག་བདུད་རྩིའི་གཏེར་ལ་དབང་བསྐུར་བས། །

ཡི་དམ་ལྷ་ཡི་བྱིན་རླབས་དངོས་སུ་ཞུགས། །

རིག་འཛིན་དམ་ཚིག་མིག་འབྲས་བཞིན་བསྲུང་ཞིང་། །

གསང་མཚན་དོན་ཡོད་རྡོ་རྗེ་ཞེས་སུ་བཏགས། །

 

ཆོས་ཀྱི་སྒོ་མོ་ཡི་གེ་འབྲི་ཀློག་ཀྱང་། །

ལེགས་པར་བསླབ་པའི་མོད་ལ་ལེགས་ཚོགས་ཀྱི། །

ཡོན་ཏན་མྱུ་གུའི་རྩ་བ་ལེགས་ཚུགས་ཤིང་། །

བསོད་ནམས་འབྲས་བུས་ཐུགས་ཀྱི་གུར་ཁང་གཏམས། །

 

སྲིད་པའི་བདེ་འབྱོར་དབང་གཞུའི་ཟླ་རུ་མཐོང་། །

འཁོར་བའི་ཕུན་ཚོགས་དུག་སྦྲུལ་ཚང་བཞིན་གཟིགས། །

བདེ་བ་སེན་རྩེའི་རྡུལ་ཙམ་མེད་མཐོང་ནས། །

སེམས་ཅན་དོན་དུ་ཐུགས་མཆོག་རབ་ཏུ་བསྐྱེད། །

 

རིང་ནས་གོམས་པའི་ཐར་བའི་ལམ་མཆོག་ལ། །

རྣམ་དག་ངེས་འབྱུང་རླུང་གིས་ཉེར་སྐུལ་ནས། །

དགུང་ལོ་བདུན་པར་ཆོས་རྗེ་རིན་ཆེན་དྲུང་། །

གཙུག་ཕུད་ཕུལ་ཏེ་ངུར་སྨྲིག་རྒྱལ་མཚན་གསོལ། །

 

དེ་ཡི་དུས་ནས་བློ་བཟང་གྲགས་པ་ཞེས། །

མཚན་ཐོས་ཙམ་གྱིས་ཐར་བའི་ལམ་སྟོན་ཞིང་། །

ཚངས་སྤྱོད་མི་ཡི་གཟིགས་ཀྱི་རྣམ་རོལ་བ། །

འཇམ་དཔལ་སྤྲུལ་བའི་ཟློས་གར་མཁན་དེར་འདུད། །

 

རྣམ་དག་ཆོས་ཚུལ་ཟབ་མོ་འཚོལ་བ་ལ། །

རྒྱལ་བའི་སྲས་པོ་སེམས་དཔའ་རྟག་ངུ་བཞིན། །

བཟློག་མེད་བརྩོན་པའི་གོ་ཆ་རབ་བགོས་ནས། །

རེ་བའི་འདུན་པ་དབུས་གཙང་ཡུལ་དུ་གཏད། །

 

རིང་མོ་ཉིད་ནས་ཡིད་ལ་གནག་པའི་ལས། །

དབུས་གཙང་ཆོས་ཀྱི་དགའ་ཚལ་བགྲོད་པ་ལ། །

བླ་མའི་བཀའ་ཡི་སྐུལ་མ་བྱུང་བ་བཞིན། །

བཅུ་དྲུག་གཞོན་ནུའི་དུས་སུ་དངོས་སུ་བཞུད། །

 

འབྲི་གུང་མཐིལ་གྱི་འགྲུལ་བ་དང་འགྲོགས་ནས། །

བཤད་སྒྲུབ་ཟུང་གི་ཆུ་གཏེར་རྒྱས་པའི་གནས། །

ལྷ་ལྡན་དབུས་གཙང་ཆོས་ཀྱི་ཞིང་མཆོག་ལ། །

རྣམ་དག་ཐུགས་བསྐྱེད་སྨོན་ལམ་ཇི་བཞིན་འབྱོར། །

 

ཐོག་མར་ཞབས་ཟུང་གསེར་གྱི་འཁོར་ལོའི་རིས། །

འབྲི་གུང་ནགས་སུ་བསྒྱུར་ཅིང་སྤྱན་སྔ་བར། །

ཐེག་ཆེན་སེམས་བསྐྱེད་ཆོས་གྱི་གདམས་པ་སོགས། །

ཞུས་ཏེ་ཐོས་བསམ་རྣལ་མའི་སྒོ་མོ་ཕྱེས། །

 

བདེ་བ་ཅན་དུ་བླ་མ་འཇམ་རིན་ལས། །

བྱམས་ཆོས་གསན་ཞིང་ཕ་རོལ་ཕྱིན་གཞུང་ལ། །

མི་འཇིགས་སྤོབས་པའི་མཁྱེན་སྟོབས་རབ་རྒྱས་པས། །

རྨད་བྱུང་ངོ་མཚར་ཡིད་འོང་མེ་ཏོག་བཞད། །

 

བཅུ་དགུའི་དུས་ནས་ཆོས་ཀྱི་གྲྭ་རྣམས་སུ། །

གཞུང་ཆེན་ཁག་ལ་གྲྭ་སྐོར་མང་མཛད་པས། །

རྣམ་དཔྱོད་འཛུམ་པའི་གེ་སར་ཡིད་འོང་ཞེས། །

གྲགས་སྙན་ཀོ་ཀིའི་དབྱངས་ཀྱིས་ས་གསུམ་ཁྱབ། །

 

མཁས་པའི་གཙུག་རྒྱན་རྗེ་བཙུན་རེད་འདའ་བར། །

དབུ་ཚད་འདུལ་མངོན་ཕ་རོལ་ཕྱིན་གཞུང་སོགས། །

མདོ་སྔགས་ཆོས་ཀུན་ལེགས་པར་གསན་པའི་མཐུས། །

ཏིང་འཛིན་ཟབ་མོའི་དགོངས་པ་ཐུགས་ལ་འཁྲུངས། །

  

འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་གཞུང་རྣམས་ལ། །

ཚིག་ཙམ་གོ་བའི་བརྡ་ཙམ་མ་ཡིན་པར། །

དོན་གྱི་འཁྲུ་བ་མཐའ་དག་ལེགས་བཅད་དེ། །

ས་སྟེང་མཛེས་བྱེད་ཆོས་ཀྱི་གོ་ཆ་བགོས། །

 

ལོག་སྨྲའི་ཚང་ཚིང་སྲེག་པའི་མེ་འོད་ཀྱིས། །

ལྟ་ངན་སོག་མའི་ཕུང་བོ་རབ་བསྲེགས་ཏེ། །

བློ་གྲོས་ཉིན་བྱེད་འོད་ཀྱི་སྣང་བ་ཡིས། །

བསིལ་ལྡན་ར་བའི་ཁྱོན་ཀུན་མཛེས་པར་ཁྱབ། །

 

གྲུབ་པའི་དབང་ཕྱུག་ཁྱུང་བོ་ལྷས་པ་སོགས། །

མཁས་གྲུབ་དུ་མའི་ཞལ་གྱི་བུམ་བཟང་ལས། །

གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཆེན་པོའི་གནད། །

མ་ནོར་ཕྱག་ལེན་གཙང་མའི་རྒྱུད་བཟང་སྤེལ། །

 

དཀའ་སྤྱད་བཟོད་པའི་གོ་ཆ་རབ་བགོས་ནས། །

རྒྱུད་སྡེའི་གཞུང་ལ་ཉམས་ལེན་ལྷུར་མཛད་དེ། །

སྔོན་བྱོན་དམ་པའི་རྣམ་ཐར་ཉམས་བཞེས་པས། །

སྒྲུབ་པའི་སྙིང་བོ་ཀུན་གྱི་རྩེ་མོར་སོན། །

 

དེ་དུས་ཉིད་ནས་འཇམ་དབྱངས་གཞོན་ནུ་གང་། །

ནམ་འདོད་གཟིགས་ཤིང་ཆོས་ཀྱི་བགྲོ་བ་དང་། །

བཤེས་གཉེན་མཛད་ཅིང་ལྟ་བའི་གནད་ཀུན་ལ། །

སྒྲོ་འདོགས་བཅད་ཅིང་གདམས་པའི་མཛོད་དུ་བསྒྱུར། །

 

ཆོས་བརྒྱད་བྱིས་པའི་རོལ་རྩེད་རྣམ་སྤངས་ཏེ། །

ཐོས་སོགས་རྣམ་མཁྱེན་རྒྱལ་བའི་རྒྱུར་བསྒྲུབས་ཤིང་། །

མ་རྣམས་དོན་དུ་རྩེ་གཅིག་གཞོལ་བའི་མཐུས། །

རིན་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བ་འཁྲུངས། །

 

རྗེ་བཙུན་ཤྲཱི་བྷ་དྲའི་མཁན་རྒྱུད་ལས། །

ཡང་དག་བསྙེན་རྫོགས་སྡོམ་པ་ལེགས་བཞེས་ཏེ། །

ཡོངས་རྫོགས་ཚུལ་ཁྲིམས་བསླབ་པས་རྒྱན་བཀླུབས་པས། །

སྲིད་གསུམ་འགྲོ་བའི་ཡོན་གནས་གཅིག་པུར་གྱུར། །

 

ཐུན་མིན་མདོ་རྒྱུད་ཟབ་མོའི་གཞུང་དོན་དང་། །

ཐུན་མོང་ཐ་སྙད་རིག་པའི་གནས་ཀུན་ཀྱང་། །

ཡན་གར་མ་བོར་ལེགས་པར་སྦྱངས་པའི་མཐུས། །

ཡོངས་རྫོགས་མདོ་སྔགས་བསྟན་པའི་བདག་པོར་གྱུར། །

 

འཇམ་དབྱངས་གཞོན་ནུའི་བཀའ་ཡིས་ཉེར་སྐུལ་ཏེ། །

དག་པ་རྣམ་བརྒྱད་འཁོར་གྱི་ཚོགས་དང་བཅས། །

འོལ་ཁར་བསགས་སྦྱང་ལས་ལ་ཆེར་བརྩོན་ཞིང་། །

འཇམ་དབྱངས་བླ་མའི་ངོ་བོར་དབྱེར་མེད་སྒོམ། །

 

ཀླུ་སྒྲུབ་ལྟ་བའི་གནད་ཀྱི་མཐར་ཐུག་པ། །

དེ་ཉིད་དོན་ལ་སྒྲོ་འདོགས་ཆོད་གྱུར་ཏེ། །

ཟབ་མོ་རྟེན་འབྲེལ་ཉིད་ལས་ལེགས་བརྩམས་པའི། །

རྨད་བྱུང་ལྟ་བའི་ལེགས་བཤད་དུ་མ་མཛད། །

 

གངས་ལྗོངས་རྒྱལ་བསྟན་ཤེལ་གྱི་ཁང་བཟང་ཆེ། །

ཁྱེད་ཀྱི་རྣམ་དཔྱོད་དར་གྱིས་མ་ཕྱིས་ཚེ། །

མདོ་སྔགས་ཡ་བྲལ་ལྟ་སྒོམ་སྤྱོད་པའི་སྒོར། །

ཚེར་མའི་ཚང་ཚིང་འཁྲིགས་པར་གདོན་མི་ཟ། །

 

དེ་ཕྱིར་རྣམ་དཔྱོད་འདབ་ལྡན་སྦྲང་མའི་ཁྱུ། །

ལེགས་གསུང་གེ་སར་བཅུད་ལ་རབ་ཆགས་ནས། །

མ་བོས་ངང་གིས་འདུས་པའི་ལུགས་བཟང་འདིར། །

སྤྱན་ལྡན་སུ་ཞིག་དད་པས་གུས་མི་འགྱུར། །

 

འཁྲུལ་བའི་དོན་རྣམས་བློ་ཡི་འཕྲུལ་འཁོར་གྱིས། །

ལེགས་པར་བརྟག་ཅིང་རྒྱལ་བའི་དགོངས་དོན་དང་། །

ཤིང་རྟ་ཆེན་པོའི་གཞུང་ལ་ཉེར་གཏུགས་ནས། །

ཡང་དག་བསྟན་པ་རྒྱས་མཛད་ཁྱོད་ལས་སུ། །

 

མཁྱེན་པ་ཁྱོན་ཡངས་སྟོན་གྱི་ནམ་མཁའ་ལ། །

བརྩེ་བ་གཞན་ཕན་ཆུ་ཁུར་དལ་གྱིས་འཛུམ། །

ནུས་པ་དོན་གཉིས་མྱུ་གུ་ཉེར་སྨིན་པས། །

མཁའ་ཁྱབ་འགྲོ་བའི་མཛའ་བཤེས་གཅིག་པུར་གྱུར། །

 

ཐོས་པ་ཕྱོགས་མེད་ཆུ་བོའི་རྒྱུན་བཟང་བཅུས། །

བསམ་པ་དྭངས་སྙིགས་འབྱེད་པའི་སྒྲོ་འདོགས་བཅད། །

སྒོམ་པ་བདུད་རྩིའི་སྙིང་བོ་རྒྱུད་ལ་སྦྱར། །

ཡང་དག་ལམ་བཟང་གསལ་བའི་སྒྲོན་མེ་སྦར། །

 

འཆད་པས་བསྐལ་བཟང་བྱེ་བའི་ཡིད་རབས་འཕྲོག །

རྩོད་པས་སྨྲ་ངན་དུག་གི་མདེའུ་རྩེ་བཅོམ། །

རྩོམ་པས་བསྟན་པའི་ཉིན་བྱེད་མཁའ་ལ་དྲངས། །

བཤད་སྒྲུབ་འཁོར་ལོའི་བསྟན་ལ་གཟི་འོད་བསྐྲུན། །

 

ལྟ་བ་དྲི་མེད་རྟེན་འབྱུང་དོན་ལ་སྦྱར། །

སྒོམ་པ་དྲི་མེད་འོད་གསལ་དབྱིངས་དང་འདྲེས། །

སྤྱོད་པ་དྲི་མེད་འཚེ་བྲལ་དཔལ་དང་འདྲོགས། །

དགོངས་པ་དྲི་མེད་རྒྱལ་བའི་ལུགས་བཞིན་མཛད། །

 

སྣ་མང་མདོ་རྒྱུད་གཞུང་ལུགས་ཐོས་པས་མཁས། །

སྡོམ་གསུམ་དམ་ཚིག་ལེགས་པར་བསྡམས་པས་བཙུན། །

ལུས་ཅན་མཐའ་དག་ཐར་བར་འཁྲིད་པས་བཟང་། །

ཞོགས་ཀའི་མཚམས་སྤྲིན་ཟེར་གྱིས་ནོར་འཛིན་ཁྱབ། །

 

དེ་ལྟར་ཁྱོད་ཉིད་དྲན་པའི་སྣང་བའི་ཁམས། །

སྐྱོ་སྣང་སྨིག་སྤྲིན་ན་བུན་གོར་མོ་ཡིས། །

ཡོངས་སུ་བཀླུབས་པས་དད་དུང་དྲན་པའི་ཆར། །

སྤྲིན་མེད་འདྲེན་བྱེད་ལྷ་ལམ་ཁྱོན་ནས་བབ། །

 

རིང་མོ་ཉིད་ནས་ཁྱོད་ཀྱི་ཡོན་ཏན་ཀུན། །

བཤེས་གཉེན་དམ་པའི་ཞལ་ལས་ལེགས་ཐོས་ནས། །

ཁྱེད་གསུང་བདུད་རྩིའི་སྐལ་བ་ཅུང་ཐོབ་པས། །

དད་གསུམ་འཛུམ་པའི་མེ་ཏོག་རབ་ཏུ་བཞད། །

 

བདག་བློ་རྒྱ་ཁབ་ཕྲ་མོའི་སྐུད་མིག་ལ། །

ཁྱོད་ཀྱི་ཡོན་ཏན་ཆ་ཙམ་ཚུད་མིན་ཡང་། །

དད་འདུན་དགའ་བའི་རླབས་ཀྱིས་ཉེར་སྐུལ་བས། །

ཅུང་ཟད་བརྗོད་འདི་ཉེས་པར་མི་འགྱུར་གྲང་། །

 

གདུང་མཆོད་མཆོད་པའི་མར་མེ་བྱེ་བ་བརྒྱས། །

ཁྲ་ལམ་རྒྱུ་སྐར་བྱེ་བའི་མཛེས་སྡུག་འཕྲོག །

གདུང་དབྱངས་འགྱུར་ཁུགས་སྙན་མོའི་མཆོད་དབྱངས་འདི། །

འབྲལ་མེད་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །

 

ཞེས་ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་འགྲན་ཟླ་བྲལ་བའི་སྐྱེས་བུ་མཆོག་ཏུ་གྱུར་བ་དེ་ཉིད་འཇིག་རྟེན་གྱི་ཁམས་སུ་ངུར་སྨྲིག་དགེ་སློང་གི་རྣམ་པས་བྱོན་ནས་རྒྱལ་བསྟན་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ཅིང་སེམས་ཅན་གྱི་དོན་བླ་ན་མེད་པ་མཛད་པར་མ་ཟད། དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་ལྟ་སྒོམ་སྤྱོད་པ་གང་གི་ཆ་ལ་ཡང་མ་དག་པ་དང་འཁྲུལ་བའི་ར་རུ་སེན་རྩེའི་རྡུལ་ཙམ་བྲལ་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བསིལ་ལྡན་ར་བའི་ཡུལ་ནས་སྟོད་ཛ་ཏིའི་མེ་ཏོག་བཞད་པ་ནས་སྨད་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་དར་འཇམ་ཡུག་གཅིག་གིས་ཁྱབ་པར་མཛད་པའི་བཀའ་དྲིན་ནི། གྲངས་མེད་འགྲོ་བས་བསྐལ་བརྒྱར་བརྗོད་ཀྱང་བསྔགས་པའི་ཆ་ཤས་ཙམ་མཚོན་པར་མི་ནུས་ན་བདག་འདྲའི་ཉོན་མོངས་པའི་སྐྱོན་གྱི་ཕུང་བོར་གྱུར་ཅིང་བློ་གྲོས་ཀྱི་པདྨོ་རྣམ་པར་སུམ་པའི་ཐ་མལ་བ་དག་གིས་བརྗོད་པར་འདོད་པ་ནི་བློ་སེམས་འཁྲུལ་བའི་གཞི་ཁོ་ནར་གྱུར་བ་ནི་སྨོས་ཀྱང་ཅི་འཚལ་མོད། རང་གི་དད་འདུན་གཙང་མའི་རླུང་གིས་ཉེ་བར་སྐུལ་ཏེ། རྗེ་བདག་ཉིད་ཆེན་མོ་འཇིག་རྟེན་གྱི་ཁམས་སུ་བྱོན་ནས་བགྲང་བྱ་དྲུག་བརྒྱ་དང་ང་དགུ་འཁོར་བ་དང་།  གདུལ་བྱ་རྟག་འཛིན་ཅན་དག་གི་བློ་ཁ་ཆོས་ལ་སྐུལ་བའི་ཕྱིར་དུ་རེ་ཞིག་འཇིག་རྟེན་གྱི་ཁམས་འདིར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་ལྔ་བརྒྱ་དང་གོ་བདུན་འདས་པ་རབ་བྱུང་བཅུ་བདུན་པའི་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་ལོའི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་སྟེ་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཁོང་གི་གདོང་མཆོད་ཀྱི་ཉིན་མོ་འདིའི་སྐབས་དང་བསྟུན་ནས་མཆོད་པའི་མར་མེ་རྐང་གཅིག་གི་དོད་དུ་ཁྲི་ལྗོན་བཟང་དུ་འབོད་པས་སྦྱར་བའོ། །

                    

                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                 
 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
 
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།