དཔལ་གསང་བ་འདུས་པའི་དཀའ་བའི་གནད་བསྟན་པ།
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པའི་གཏམ་ལས་དཔལ་ལྡན་འདུས་པའི་དོན། །རྒྱལ་བས་རྒྱས་བཏབ་ཁྲོལ་བར་མ་གྱུར་ན། །རྡོ་རྗེ་ཐེག་པའི་གནད་དོན་རྙེད་མི་འགྱུར། །དེ་ཕྱིར་ཀླུ་སྒྲུབ་གདམས་པ་གཅེས་པར་གཟུང་། །འདི་ལ་ཆེས་དཀའི་གནས་ནི་གཉིས་སུ་མཐོང་། །ལམ་འདིའི་ཐུན་མོང་མིན་པའི་ཐོབ་བྱ་དང་། །ལམ་དེ་ཕྱག་རྒྱ་ལ་ནི་ལྟོས་པའོ། །ཇི་སྲིད་དང་པོ་ངེས་པར་མ་གྱུར་པ། །དེ་སྲིད་དུ་ནི་ལམ་བཟང་རྟོགས་མི་འགྱུར། །གང་ཚེ་དང་པོ་ཚུལ་བཞིན་ངེས་གྱུར་ན། །དེ་ཚེ་ལམ་དེ་བདེ་བླག་རྟོགས་པར་འགྱུར། །དེ་ནས་རིམ་གཉིས་ལམ་དུ་འཇུག་པ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་འགྱུར་ཞིང་། །དེ་ལ་རྡོ་རྗེའི་ཐེག་ལ་གུས་པ་དང་། །དགའ་དང་སྤྲོ་བ་རྒྱ་ཆེན་སྐྱེས་པ་ཡི། །བླ་མེད་ཐེག་པའི་རིགས་ཀྱི་ནུས་པ་ནི། །ཡང་དང་ཡང་དུ་ཡོངས་སུ་རྒྱས་པར་བྱེད། །དེ་ཕྱིར་བློ་ལྡན་ལམ་འདིར་གུས་པ་ཁྱེད། །རྩ་བ་བོར་ནས་ཡལ་ག་མ་འཚོལ་བར། །ཐུན་མོང་མིན་པའི་སྒྲུབ་བྱ་གུས་པས་ཚོལ། །དེ་ཡང་ཀླུ་སྒྲུབ་ལུགས་ལས་གཞན་དུ་མིན། །ཕྱག་རྒྱ་མཆོག་དང་ཀུན་ཏུ་འདུས་གྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་བའི་སྙོམས་འཇུག་གིས། །བདེ་བ་ཆེན་པོའི་རང་བཞིན་མ་བཙལ་ན། །ལམ་བཟང་མྱུར་བའི་མཐར་ཐུག་གང་ལས་ཡིན། །དེ་ཕྱིར་སྟོང་པ་བཞི་ཡི་ཏིང་ངེ་འཛིན། །ཕྱག་རྒྱ་བཟང་མོའི་རྗེས་སུ་འགྲོ་ལྡོག་པར། །རྣམ་དག་རིགས་པས་བསྒྲུབ་པར་མ་ནུས་ན། །ཕོ་ཉའི་ལམ་ལ་དགའ་བ་དགའ་བ་ཙམ། །འདོད་ཡོན་ལམ་བྱེད་ལམ་འདིའི་ཁྱད་ཆོས་ཏེ། །དེ་ཡི་གཙོ་བོ་རེག་བྱ་དེ་ཡི་ཡང་། །ཕུལ་དུ་བྱུང་བ་ཆོས་འབྱུང་རེག་བྱ་སྟེ། །ངེས་བསྐྱེད་བདེ་བ་ལམ་བྱེད་ལམ་གྱི་ཕུལ། །ཚུལ་དེ་ལམ་དུ་བྱེད་པའི་རྟེན་དང་དུས། །ཡུལ་གྱི་ཁྱད་པར་མཐའ་དག་མ་འཚོགས་པར། །དབང་པོ་གཉིས་ཀྱི་བདེ་ལ་གཙོར་འཛིན་པ། །ཀྱེ་མ་ངན་འགྲོའི་མེ་ཆེན་བུད་ཤིང་ངོ་། །གང་ཞིག་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཤིང་། །དབང་གིས་ལེགས་སྨིན་སྡོམ་པ་ཡོངས་སུ་དག །དྲན་པ་གཅིག་པའི་རྣལ་འབྱོར་མཐར་ཕྱིན་ཅིང་། །རྡོ་རྗེ་གསུམ་གྱི་ཏིང་འཛིན་རྙེད་པ་དེས། །སྒྱུ་མ་འོད་གསལ་བདེན་པ་གཉིས་ཀྱི་ལམ། །ཆོས་དང་གཟུགས་སྐུ་གཉིས་ནི་མཐོང་ཆོས་ལ། །མངོན་དུ་འགྱུར་བའི་ཉེར་རྒྱུར་འཇུག་པ་ན། །ཕྱག་རྒྱ་བཟང་ལས་བདེ་ཆེན་མཚོན་པར་བྱ། །རྡོ་རྗེ་ཐེག་པའི་ཐོབ་པར་བྱ་བ་དང་། །མྱུར་དུ་འཐོབ་པའི་ཉེ་རྒྱུ་ཕྱག་རྒྱའི་གནད། །གང་ཞིག་ངེས་ན་རྒྱུད་ཀྱི་སྙིང་པོའི་དོན། །མཐའ་དག་ངེས་པའི་དཀའ་གནས་འདིར་གཟུང་ངོ་། །རྣལ་འབྱོར་བླ་ན་མེད་པའི་ཐུན་མོང་མིན་པའི་གནད་ཐམས་ཅད་ངེས་པའི་རྒྱུ། ཐུན་མོང་མིན་པའི་འབྲས་བུ་ངེས་པར་བྱ་བ་དང་། དེར་བགྲོད་པ་ཕྱག་རྒྱ་དང་འདུས་པ་ལ་ལྟོས་པའི་རྒྱུ་མཚན་ངེས་པར་བྱ་དགོས་སོ། །ཞེས་དཀའ་བའི་གནས་བསྟན་པ་རྗེ་རིན་པོ་ཆེ་ཉིད་ཀྱིས་དགེ་ལྡན་དུ་བར་སྐབས་སུ་གསུངས་པའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn