རྗེ་བཙུན་གསང་པའི་བདག་པོ་ལ་བསྟོད་པ་དཔག་མེད་བསྐལ་པ་མ།
རྗེ་བཙུན་གསང་བའི་བདག་པོ་ལ་གུས་པས་ཕྱག་འཚལ་ལོ། །དཔག་མེད་བསྐལ་པའི་སྔོན་དུ་སངས་རྒྱས་ཀྱང་། །ཚད་མེད་ཐུགས་རྗེས་འཁོར་བ་ཇི་སྲིད་བར། །གྲངས་མེད་འགྲོ་བ་བསྐྱབ་ཕྱིར་རྒྱལ་སྲས་ཀྱི། །མཐའ་མེད་སྤྱོད་པ་མཛད་ལ་བསྟོད་པར་བགྱི། །དམར་སེར་པ་ལས་བྱུང་བའི་པདྨ། །རཾ་ཡིག་ལས་སྐྱེས་འོད་སྟོང་ལྡན་སྟེང་། །ཧཱུཾ་ལས་འཁྲུངས་པའི་དཔལ་ལྡན་གསང་བདག །ཆར་སྤྲིན་མདོག་ཅན་ཁྱོད་ལ་ཕྱག་འཚལ། །བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟར། །ཀུན་ནས་རབ་ཏུ་འབར་བའི་མེ་དཔུང་། །བདུད་དཔུང་བསྲེག་པར་མཛད་པའི་དབུས་ན། །བརྐྱང་བསྐུམ་ཞབས་ཀྱིས་བཞུགས་ལ་ཕྱག་འཚལ། །རལ་བ་ཁམ་སེར་གྱེན་དུ་བརྫེས་ཤིང་། །སྤྱན་རྩ་དམར་པོ་གློག་འཕྲེང་ལྟར་འཁྱུག །མཆེ་བ་གཙིགས་ཤིང་རྔམ་པའི་སྒྲ་སྒྲོག །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ། །ལོག་འདྲེན་བགེགས་ཀྱི་མགོ་བོ་འགེམས་བྱེད། །བདུད་སྡེའི་སྙིང་ལ་བསྣུན་པའི་གནམ་ལྕགས། །རབ་ཏུ་འབར་བའི་རྡོ་རྗེ་རྩེ་ལྔ། །གཡས་ཀྱི་ཕྱག་ན་བསྣམས་ལ་ཕྱག་འཚལ། །གང་གི་མཐུ་ཡིས་བར་ཆད་འབྱུང་པོ། །འཇིགས་པའི་འོ་དོད་དྲག་པོ་བཏོན་ཏེ། །ནམ་མཁའི་མཐའ་ཀླས་བར་དུ་བསྐྲོད་ཕྱིར། །གཡོན་པས་སྡིགས་མཛུབ་མཛད་ལ་ཕྱག་འཚལ། །མཐུ་ཆེན་ཁྱོད་ཀྱིས་གདུལ་དཀའ་ཐམས་ཅད། །འཕྲིན་ལས་རྣམ་བཞིས་ཚར་བཅད་མཛད་ནས། །བསྡུ་བ་བཞི་ཡིས་རྗེས་སུ་འཛིན་ཕྱིར། །སྟག་ལྤགས་ཤམ་ཐབས་མཛད་ལ་ཕྱག་འཚལ། །ས་འོག་གནས་པའི་ནག་པོའི་ཀླུ་རིགས། །མ་ལུས་པ་རྣམས་འཇིགས་པར་མཛད་ཕྱིར། །བྲང་འགྲོའི་རྒྱལ་པོ་དུ་མས་ཁྱོད་ཀྱི། །ཡན་ལག་ལྔ་ནི་བརྒྱན་ལ་ཕྱག་འཚལ། །ཉི་མ་བྱེ་བའི་འོད་དཔུང་སྡོམས་བཞིན། །ཡེ་ཤེས་མེ་འོད་ཚ་ཟེར་ཕྱོགས་བཅུར། །ཀུན་ནས་འཕྲོ་བའི་གཟི་བརྗིད་རྒྱལ་པོས། །ཁྱོད་སྐུ་ཀུན་ནས་བརྗིད་ལ་ཕྱག་འཚལ། །ཧ་ཧའི་གད་རྒྱངས་དྲག་པོས་ས་གསུམ། །མ་ལུས་རྒྱས་པར་འགེངས་པའི་ང་རོ། །ཐོས་པ་ཙམ་གྱིས་བགེགས་རྣམས་གཟིར་བྱེད། །འཇིགས་པའི་གསུང་དབྱངས་ལྡན་ལ་ཕྱག་འཚལ། །ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་མ་ལུས། །སྤྲིན་བྲལ་ནམ་མཁའི་དཀྱིལ་ན་ཟླ་ལྟར། །མ་འདྲེས་གསལ་བར་མཁྱེན་པའི་ཡེ་ཤེས། །སྒྲིབ་མེད་མངའ་བ་ཁྱོད་ལ་ཕྱག་འཚལ། །གདུལ་བྱའི་རེ་སྐོང་དབང་གི་རྒྱལ་པོ། །འབད་མེད་གཞན་དོན་འབྱུང་བའི་དཔག་བསམ། །མི་ཤེས་མུན་ཚོགས་འཇོམས་པའི་ཉིན་བྱེད། །དགེ་ལེགས་ཕུང་པོ་ཁྱོད་ལ་ཕྱག་འཚལ། །ཐ་དད་གདུལ་བྱའི་འདོད་པ་བཞིན་དུ། །དུ་མའི་མཛད་པས་སྐལ་ལྡན་འགྲོ་ཀུན། །ཀུན་མཁྱེན་སར་བགྲོད་སྲིད་པའི་འཇིགས་སྐྱོབ། །སྐྱོབ་པ་བླ་མེད་ཁྱོད་ལ་ཕྱག་འཚལ། །གཡོ་མེད་བསམ་པས་བཅོམ་ལྡན་ཁྱོད་ལ། །གུས་པས་སྐྱབས་སུ་སོང་བ་གང་དེ། །འདི་དང་ཕྱི་མ་བར་དོ་ཀུན་ཏུ། །འཇིགས་པ་ཀུན་ལས་སྐྱོབ་ལ་ཕྱག་འཚལ། །ཁྱོད་སྐུ་གསལ་བའི་ཏིང་འཛིན་ངང་ནས། །ཁྱོད་གསུང་ཟབ་མོའི་རིག་སྔགས་རྒྱལ་པོ། །ཁྱོད་ཐུགས་བསྐུལ་ཕྱིར་དྲན་པ་དེ་ལ། །ཁྱོད་ཀྱི་གོ་འཕང་སྟེར་ལ་ཕྱག་འཚལ། །ཚེ་རབས་ཀུན་ཏུ་བསྟེན་པའི་ལྷ་མཆོག །གཏན་གྱི་སྐྱབས་མགོན་ཁྱོད་ཀྱིས་བདག་གི། །ཐོག་མེད་བསགས་པའི་སྡིག་དང་ནད་གདོན། །འགལ་རྐྱེན་མཐའ་དག་ཞི་བར་མཛོད་ཅིག །དཔལ་འབྱོར་དབང་ཕྱུག་ཚེ་དང་བསོད་ནམས། །འཇིག་རྟེན་འཇིག་རྟེན་འདས་པའི་བདེ་འབྱོར། །མཐའ་དག་ཡར་ངོའི་དུས་ཀྱི་ཟླ་བཞིན། །གོང་ནས་གོང་དུ་རྒྱས་པར་མཛོད་ཅིག །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ། །ལྷ་དང་མི་དང་ལྷ་མིན་ཀུན་གྱི། །མཐུ་དང་ནུས་པ་ཡོན་ཏན་གཟི་བརྗིད། །མ་ལུས་དབང་དུ་བྱེད་པར་གྱུར་ཅིག །མི་སྡུག་གཟུགས་ཀྱིས་ཀུན་ལ་ཉེར་འཚེ། །བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད། །བསད་བསྐྲད་རྨོངས་རེངས་དྲག་པོའི་ལས་ཀྱིས། །འདུལ་བའི་མཐུ་དང་ལྡན་པར་གྱུར་ཅིག །མདོར་ན་ཡི་དམ་མཆོག་གི་ཐུགས་རྗེས། །ཚེ་མཐའ་ཕྱིན་ཅིང་བཤེས་གཉེན་དམ་པས། །རྗེས་སུ་བཟུང་སྟེ་དལ་འབྱོར་ཐོབ་པ། །རྟག་ཏུ་དོན་ལྡན་བྱེད་པར་གྱུར་ཅིག །དེ་ལྟར་གསང་བདག་བཅོམ་ལྡན་འདས་ཀྱི། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན། །འཕྲིན་ལས་རྣམས་ལ་བདག་གིས་བསྟོད་ཅིང་། །ཞི་རྒྱས་དབང་དྲག་སྒོ་ནས་གསོལ་འདེབས། །རྗེས་བསྔགས་ཚུལ་གྱི་ལེགས་པར་བསྡེབས་འདི། །དད་གཏོང་རིགས་གཟུགས་ཡོན་ཏན་ནོར་བུས། །ཀུན་ནས་གཏམས་པའི་རྒྱ་མཚོ་ཆེ་དེའི། །གསུང་གི་རླབས་ཀྱིས་བསྐུལ་བར་གྱུར་ཚེ། །བསྟོད་པའི་ཚིག་གི་ཆུ་ཡི་གཟེགས་མ། །མུ་ཏིག་སྟར་ལ་བརྒྱུས་འདྲ་འདི་ནི། །མང་ཐོས་བློ་བཟང་གྲགས་པའི་དཔལ་གྱིས། །དད་དཀར་ཞེས་བྱའི་གནས་མཆོག་དེར་སྦྱར། །ཡི་གེ་པ་ནི་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་ཀྱིས་བགྱིས་སོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn