རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་རྒྱལ་བ་ཀུན་མཁྱེན་མ།
ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །མཚམས་སྤྲིན་གཞོན་ནུའི་མདངས་འཛིན་པ། །འཇམ་པའི་དབྱངས་ཞེས་གྲགས་དེ་ཡི། །ཞབས་ལ་གུས་པས་ཕྱག་འཚལ་ལོ། །དམར་སེར་འོད་དཔུང་ཕྱོགས་བཅུར་འགྱེད། །དཔལ་ལྡན་ཟུར་ཕུད་ལྔ་དང་ལྡན། །འཛུམ་པའི་ཞལ་གྱིས་འགྲོ་དབུགས་འབྱིན། །མཐོང་བས་ཚིམ་མཛད་ལ་ཕྱག་འཚལ། །མ་རིག་གཅོད་པའི་རལ་གྲི་དང་། །སྙིང་པོའི་དོན་སྟོན་གླེགས་བམ་གྱིས། །ཕྱག་གཉིས་བརྒྱན་པའི་འགྱིང་བག་ཅན། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ ། །ཁྱོད་ནི་རྒྱལ་བ་ཀུན་གྱི་ཡབ། །འགྲོ་ཀུན་རྗེས་སུ་འཛིན་པའི་མ། །རྒྱལ་ཚབ་གཞོན་ནུའི་ཚུལ་ཡང་འཛིན། །བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཞི་བའི་ཉམས་དང་ལྡན། །བལྟ་བས་མི་ངོམས་ཡིད་འཕྲོག་བྱེད། །གསུང་སྙན་ཤིན་ཏུ་འཇམ་པ་ཡིས། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །བརྗོད་ལས་འདས་པའི་ཞིང་ཀུན་ཏུ། །དུ་མའི་སྐུ་ཡི་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་ཀུན་མཛད་པ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་མཆོད་པའི་རྫས། །དཔལ་ལྡན་ཟག་མེད་བདེ་སྟེར་བ། །གུས་པའི་སེམས་ཀྱིས་རྒྱུན་དུ་དབུལ། །བཅོམ་ལྡན་བརྩེ་བས་བཞེས་སུ་གསོལ། །དཔག་མེད་སྡུག་བསྔལ་ཀུན་འབྱུང་བ། །ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །བསམ་པ་ཐག་པས་ཁྱེད་ལ་བཤགས། །མྱུར་དུ་མ་ལུས་བྱང་བར་ཤོག །ཕན་དང་བདེ་བ་ཀུན་གྱི་རྒྱུ། །བསོད་ནམས་དང་ནི་ཡེ་ཤེས་ཀྱི། །ཚོགས་གཉིས་དགེ་བ་གང་དག་གིས། །བསགས་པ་རྣམས་ལ་བདག་ཡི་རང་། །མགོན་ཁྱོད་ནམ་མཁའ་ཇི་སྲིད་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །མ་རིག་མུན་པར་ལྷུང་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་གིས་བགྱིས་དང་བགྱིད་འགྱུར་གྱི། །བསོད་ནམས་ཕུང་པོ་ཅི་ཡོད་པ། །དེ་དག་སེམས་ཅན་དོན་ཀུན་ཏུ། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ། །སྐྱོན་མེད་ཡོན་ཏན་ཀུན་རྫོགས་པ། །ཁྱོད་ཀྱི་གོ་འཕང་མྱུར་ཐོབ་ནས། །སྡུག་བསྔལ་རྒྱ་མཚོར་ལྷུང་བ་ཡི། །འགྲོ་བ་ཐམས་ཅད་སྒྲོལ་བར་ཤོག །དེ་མ་ཐོབ་པའི་ཚེ་རབས་སུ། །བཤེས་གཉེན་བཟང་པོས་རྗེས་བཟུང་ནས། །རྒྱལ་བའི་རྗེས་སུ་སློབ་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཤོག །བསྟན་ལ་རབ་ཏུ་འབྱུང་བ་དང་། །རྟག་ཏུ་དམ་ཆོས་འཛིན་པ་དང་། །ཐོས་བསམ་སྒོམ་ལ་འཇུག་པ་ན། །གེགས་ཀྱི་མཚན་མ་མེད་པར་ཤོག །ཚེ་རབས་འདིར་ཡང་སྐྱབས་གསུམ་ལ། །དད་པ་བརྟན་པོ་ཐོབ་གྱུར་ཏེ། །ཉེ་བར་འཚེ་བ་ཀུན་ཞི་ནས། །ཕུན་ཚོགས་ཆོས་བཞིན་འགྲུབ་པར་ཤོག །ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འདི་ནི། དབོན་ཆུང་གྲགས་པ་དབང་ཕྱུག་དཔལ་བཟང་པོས་གསོལ་བ་བཏབ་པའི་དོན་དུ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་དགའ་བ་གདོང་གི་ཡང་དགོན་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn