རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་ཟབ་ཡངས་མཁྱེན་པ་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-12 12:36:51     རྩོམ་པ་པོ།   རྗེ་བློ་བཟང་གྲགས་པ།     ཀློག་ཐེངས།  

   210956526120572401.jpg  

      ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཟབ་ཡངས་མཁྱེན་པ་མཁའ་ལྟར་ཕ་མཐའ་ཡས། །དམིགས་མེད་ཐུགས་རྗེས་འགྲོ་ཀུན་རྗེས་སུ་འཛིན། །སྐྱོན་བྲལ་མཛད་པས་གདུལ་བྱ་བདེ་ལ་འགོད། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་ལ་རྨོངས་པ་ཟད་པ་དང་། །ལུས་ཅན་ཀུན་ལ་མ་ལྟར་བརྩེ་བ་དང་། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་བྱེད་པའི་མཐུ། །བདེ་བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱིས་བསྔགས་པའི་ཡོན་ཏན་གཏེར། །རྒྱལ་བའི་དམ་ཆོས་རྒྱལ་སྲིད་ལེགས་སྐྱོང་ཞིང་། །རྒྱལ་སྲས་ཀུན་གྱི་གཙུག་ན་མཛེས་གྱུར་པ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ། །ལུས་ཅན་ཐར་ལམ་ཚོལ་བའི་མིག་གཅིག་པུ། །ཐུབ་པའི་གསུང་རབ་ལེགས་བཤད་བདུད་རྩིའི་རྒྱུན། །མ་ལུས་འཛིན་ཅིང་སྤེལ་བར་བྱིན་གྱིས་རློབས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་མི་ཕམ་མགོན། །རྒྱལ་སྲས་སྤྱོད་པ་མཐར་ཕྱིན་འཕགས་པའི་མཆོག །ཐུབ་པའི་རྒྱལ་ཚབ་དམ་པར་དབང་བསྐུར་བ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང་། །ཚོགས་གཉིས་ཐབས་མཁས་ལམ་གྱིས་རྫོགས་པ་དང་། །རྒྱལ་བ་གཉེས་པའི་ཀུན་སྤྱོད་འབར་ཞིག་གིས། །ཉིན་མཚན་གཡེལ་བ་མེད་པར་བྱིན་གྱིས་རློབས། །བདེ་གཤེགས་སྔ་མས་བཏང་སྙོམས་མཛད་པ་ཡི། །གྲངས་མེད་འགྲོ་ལ་བརྩེ་བས་མ་བཟོད་ནས། །ཞིང་འདིར་བྱང་ཆུབ་སྙིང་པོར་གཤེགས་གྱུར་པ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་མཆོག་བརྙེས་ནས། །སྐལ་ལྡན་འགྲོ་ལ་ཆོས་འཁོར་བསྐོར་བའི་ཚེ། །ཐོག་མ་ཁོ་ནར་ཁྱོད་གསུང་བདུད་རྩིའི་རོས། །ཉོན་མོངས་ནད་ཀུན་སེལ་བར་བྱིན་གྱིས་རློབས། །དགའ་ལྡན་གནས་ནས་གྲངས་མེད་ལྷ་རྣམས་ལ། །ཐེག་མཆོག་གཏམ་གྱིས་དགའ་བ་བསྐྱེད་མཛད་ཅིང་། །ཕུན་ཚོགས་ཆོས་སྐུའི་གོ་འཕང་མཆོག་སྩོལ་བ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཚེ་འདིའི་ཕུན་ཚོགས་རྩྭ་རྩེའི་ཟིལ་བ་བཞིན། །མི་རྟག་སྙིང་པོ་མེད་པར་རྟོགས་པ་དང་། །ལན་ཅིག་ཙམ་ཞིག་རྙེད་པའི་དལ་འབྱོར་འདི། །རྟག་ཏུ་དོན་ལྡན་བྱེད་པར་བྱིན་གྱིས་རློབས། །འབད་པས་བསྒྲུབས་ཀྱང་ངེས་པར་འདོར་དགོས་པའི། །རྙེད་དང་བཀུར་སྟིའི་ཆོས་ལ་ཡིད་ལོག་སྟེ། །གཏན་གྱི་བདེ་བ་སྒྲུབ་བྱེད་དམ་པའི་ཆོས། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་སྐྱོར་མོ་ལུང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

                                                      རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།