རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-11 21:50:15     རྩོམ་པ་པོ།   རྗེ་བློ་བཟང་གྲགས་པ།     ཀློག་ཐེངས།  

      908355816212338124.jpg 

         ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། རིན་ཆེན་རི་བོ་བརྩེགས་པ་ལྟ་བུ་ཡི། །བསོད་ནམས་བྱེ་བ་བརྒྱས་བསྐྲུན་གང་གི་སྐུ། །རབ་བརྗིད་ཡིད་འཕྲོག་འོད་འབར་ཁྲི་སྟེང་ན། །འགྲོ་བའི་བསོད་ནམས་ཞིང་དུ་ལྷམ་མེ་བ། །ས་བཅུའི་དབང་ཕྱུག་མཐའ་ཡས་འགྲོ་བའི་མགོན། །རྒྱལ་སྲས་གཙོ་བོ་བདེ་གཤེགས་འཁོར་བའི་བརྒྱན། །མ་བྱོན་སངས་རྒྱས་བྱམས་མགོན་ཆོས་ཀྱི་རྗེ། །རྒྱལ་བའི་རྒྱལ་ཚབ་ཅུང་ཟད་བདག་ལ་གསོན། །ཤཱཀྱའི་དབང་པོས་རང་གི་འཁོར་རྣམས་ལ། །ཀུན་གཟིགས་སྤྱན་གྱིས་ལེགས་པར་བརྟགས་པ་ན། །ཁྱོད་ལས་ལྷག་པའི་རྒྱལ་སྲས་མ་གཟིགས་ནས། །རང་གི་རྒྱལ་ཚབ་ཉིད་དུ་ཁྱོད་དབང་བསྐུར། །དེ་ཕྱིར་རི་དྭགས་ཁྲོད་ན་སེང་གེ་དང་། །ཆོས་བཟང་མདུན་སར་མིག་སྟོང་ལྡན་པ་བཞིན། །བདེ་གཤེགས་འཁོར་ན་རྒྱལ་བའི་དབང་པོ་ཁྱོད། །ཀུན་ནས་ཕུལ་དུ་བྱུང་བར་རབ་ཏུ་མཐོང་། །ས་གསུམ་དམ་ཆོས་འོད་ཀྱིས་རབ་འགེངས་ཤིང་། །རྣམ་གྲོལ་འབྲས་བུ་མ་ལུས་སྨིན་པར་མཛད། །སྐལ་ལྡན་པདྨོའི་ཚིལ་ཀུན་རྒྱས་བྱེད་པ། །ཐུབ་དབང་ཉི་མའི་དཀྱིལ་འཁོར་ནུབ་ལགས་ན། །དགེ་ལེགས་ཆ་ཤས་ཡོངས་སུ་རྫོགས་གྱུར་ཅིང་། །འཕྲིན་ལས་བསིལ་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །ཕན་བདེ་ཀུ་མུད་ཟེའུ་འབྲུ་གསལ་མཛད་པ། །རྒྱལ་ཚབ་ཟླ་བ་བཏང་སྙོམས་མཛད་ལགས་སམ། །མ་ལུས་སེམས་ཅན་བདེ་ལ་དགོད་ཕྱིར་དུ། །རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱིས། །འོད་ཟེར་ཆེན་པོའི་དབང་གིས་མགོན་ཁྱོད་ལ། །ཆོས་ཀྱི་རྒྱལ་སྲིད་གཏད་པ་དགོངས་པར་རིགས། །གང་ཚེ་ཁྱོད་ཀྱི་དབང་བསྐུར་ས་བརྙེས་ཚེ། །གྲངས་མེད་འབུམ་ཕྲག་བཅུ་ཡི་ཏིང་འཛིན་དང་། །ཀུན་མཁྱེན་ཡེ་ཤེས་ཉིད་དུ་དབང་བསྐུར་བའི། །ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་པའི་མཐར། །སྟོང་གསུམ་འབུམ་ཕྲག་བཅུ་ཡི་རྡུལ་སྙེད་ཀྱི། །པདྨོའི་འཁོར་གྱིས་བསྐོར་པའི་པདྨ་ནི། །རྩ་བ་རིན་ཆེན་ལྟེ་བ་ཙནྡན་མཆོག །ཟེའུ་འབྲུ་རྡོ་ཡི་སྙིང་པོ་ལོ་མ་ནི། །འཛམ་བུ་ཆུ་བོའི་གསེར་ལྟར་ཀུན་ཏུ་སྣང་། །རིན་ཆེན་ཀུན་གྱིས་རབ་སྤྲས་འདབ་བརྒྱ་འབྱེད། །རིན་ཆེན་དྲ་བས་ཀུན་ནས་གཡོགས་པ་ལ། །དེ་དང་འཚམ་པར་ཁྱོད་སྐུ་བཞུགས་པ་ནི། །འཁོར་གྱི་པདྨར་དེ་སྙེད་རྒྱལ་བའི་སྲས། །ཁྱོད་ཀྱི་ཞལ་དུ་ཕྱོགས་ནས་འཁོད་པ་རྣམས། །འབུམ་ཕྲག་བཅུ་ཡི་ཏིང་ངེ་འཛིན་ལ་རོལ། །དེ་ཚེ་ཁྱོད་ཀྱི་ཞབས་མཐིལ་པུས་མོ་དང་། །ལྟེ་བ་རྩིབ་ལོགས་ཕྱག་གི་མཐིལ་གཉིས་ནས། །གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཕྱུངས་ནས། །ངན་སོང་གསུམ་དང་མི་དང་ལྷ་མིན་ལྷ། །གནས་ཀུན་སྣང་བྱས་སྡུག་བསྔལ་ཞི་བར་མཛད། །ཕྲག་པ་རྒྱབ་མགུལ་ཞལ་གྱི་སྒོ་རྣམས་ནས། །སྔར་གྱི་འོད་ཀྱིས་ཉན་རང་ས་དགུའི་བར། །བྱང་སེམས་གནས་རྣམས་སྣང་མཛད་རིམ་བཞིན་དུ། །ཆོས་སྣང་ཏིང་འཛིན་ཐབས་ཤེས་ཚུལ་རྣམས་བསྒྲུབས། །སྔར་བཞིན་མཛོད་སྤུ་ནས་ཕྱུངས་འོད་ཟེར་གྱིས། །ཕྱོགས་བཅུའི་བདུད་གནས་ཐམས་ཅད་ཟིལ་མནན་ནས། །དབང་བསྐུར་བརྙེས་པའི་རྒྱལ་བའི་སྲས་རྣམས་ཀྱིས། །སྐུ་ཡི་དཀྱིལ་འཁོར་དག་ཏུ་ནུབ་པར་མཛད། །ཡན་ལག་མཆོག་ལས་སྟོང་གསུམ་འབུམ་ཕྲག་བཅུའི། །ཕྲ་རབ་རྡུལ་སྙེད་འོད་ཟེར་ཕྱུངས་ནས་ཀྱང་། །བདེ་གཤེགས་འཁོར་གྱི་དཀྱིལ་འཁོར་སྣང་བྱས་ཏེ། །འཇིག་རྟེན་ལན་བཅུར་བསྐོར་ནས་བར་སྣང་ལ། །འོད་ཀྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་ཡི། །ཀུན་བཟང་མཆོད་སྦྱིན་རྒྱ་མཚོའི་ཆར་ཕབ་ནས། །འཇིག་རྟེན་ལན་བཅུར་བསྐོར་ནས་རྒྱལ་རྣམས་ཀྱི། །ཞབས་ཀྱི་མཐིལ་དུ་ཀུན་ནས་ནུབ་པར་གྱུར། །དེ་ནས་སྲས་བཅས་རྒྱལ་བས་དཔའ་བོ་ཁྱོད། །དབང་བསྐུར་དུས་ལ་བབ་པར་གཟིགས་གྱུར་ནས། །དབང་བསྐུར་ཐོབ་པའི་རྒྱལ་བ་སྲས་བཅས་ཀྱི། །རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རི་མོ་ལས། །གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཟེར་གྱིས། །འཁོར་བཅས་འོད་ཕྱུངས་ཕྱོགས་ཀུན་སྣང་བྱས་ཏེ། །མུ་མེད་ཆོ་འཕྲུལ་བསྟན་ནས་ཁྱོད་ཀྱི་ནི། །རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རྣམས་སུ་ནུབ། །དེ་ནས་དེ་མ་ཐག་ཏུ་ཁྱོད་ཀྱི་སྟོབས། །འབུམ་འགྱུར་ལས་ཀྱང་ལྷག་པར་འཕེལ་བའི་ཚེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་མཛོད་སྤུ་ནས། །སྔར་བཞིན་འོད་ཀྱིས་ཞིང་ཀུན་སྣང་བྱས་ནས། །འཇིག་རྟེན་ལན་བཅུ་བསྐོར་ཏེ་ཆོ་འཕྲུལ་བསྟན། །བྱང་སེམས་བྱེ་བ་མང་བསྐུལ་ཞིང་ཀུན་བསྐྱོད། །ངན་འགྲོ་ཞི་མཛད་བདུད་རྣམས་ཟིལ་མནན་ཏེ། །བདེ་གཤེགས་རྣམས་ཀྱི་གདན་ཀུན་རབ་བསྟན་ནས། །འོད་ཟེར་གཙོ་བོ་ཁྱོད་ཀྱི་སྤྱི་བོ་དང་། །འཁོར་གྱི་འོད་ཟེར་འཁོར་གྱི་སྤྱི་བོར་ནུབ། །དེ་ཚེ་བྱང་སེམས་རྣམས་ཀྱིས་སྔོན་མེད་པའི། །སྟོང་ཕྲག་བཅུ་ཡི་ཏིང་འཛིན་ཐོབ་པར་གྱུར། །དེ་ལྟར་གླང་པོ་རིན་ཆེན་གསེར་ཁྲི་ཡིས། །བརྒྱན་པའི་སྟེང་དུ་འཁོར་ལོས་སྒྱུར་བའི་སྲས། །རྒྱ་མཚོ་བཞི་ཡི་ཆུས་བཀང་གསེར་བུམ་གྱིས། །སྤྱི་བོའི་གནས་ནས་རྒྱས་པར་དབང་བསྐུར་བ། །དེ་བཞིན་ཐུབ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ། །མངོན་པར་དབང་བསྐུར་ཁྱོད་ཀྱིས་འཁོར་བ་རུ། །ལས་ཀྱིས་ཀུན་ནས་མནར་བའི་སེམས་ཅན་ཀུན། །ཟག་མེད་བདེ་བའི་དཔལ་ལ་འགོད་དུ་གསོལ། །ཕུལ་བྱུང་དད་པའི་མཛེས་སྡུག་ལག་པ་ཡིས། །ཡོན་ཏན་མེ་ཏོག་ཚིག་སྙན་སྲད་བུ་ལ། །ལེགས་པར་བརྒྱུས་པའི་བསྟོད་པའི་ཕྲེང་བ་འདི། །ཁྱོད་མཉེས་བགྱིད་པའི་སླད་དུ་བདག་གིས་དབུལ། །དེ་ཡིས་མཚོན་ནས་བདག་གིས་དགེ་བ་གང་། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་ཀུན། །གཅིག་ཏུ་བསྡོམས་པ་འདི་ཡི་ཁྱོད་ཀྱི་ཞལ། །མྱུར་དུ་མཐོང་ཞིང་ཐེ་ཚོམ་ཆོད་པར་ཤོག །བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཡི། །འཁོར་བའི་ཕུན་ཚོགས་ཡིད་ལ་དྲན་ཙམ་གྱིས། །ལྕགས་ཁང་འབར་བའི་ནང་དུ་ཚུད་པ་ལྟར། །ཡིད་ལ་འདོད་པ་ཏིལ་ཙམ་མེད་པར་ཤོག །མཛའ་བོས་ཟོལ་གྱིས་བསླུས་ནས་སྲོག་འཕྲོག་ལྟར། །ཕན་ལྟར་བཅོས་ནས་ཡང་དག་ལམ་འཕྲོག་པའི། །རང་བདེ་འདོད་པ་དུག་བཞིན་སྤངས་ནས་སུ། །བྱང་ཆུབ་སེམས་དང་འབྲལ་བར་མ་གྱུར་ཅིག །ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་ཡི། །མི་འདྲའི་རྒྱུ་འབྲས་ཕན་ཚུན་མི་འཁྲུལ་བ། །མཐོང་བ་ཙམ་གྱིས་མཐར་འཛིན་འཇིག་འགྱུར་བའི། །རྟེན་འབྲེལ་ཟབ་མོའི་དེ་ཉིད་རྟོགས་པར་ཤོག །རྣོ་ཞིང་ཆེ་ལ་ཞིབ་པའི་ཤེས་རབ་ཀྱིས། །སྲིད་གསུམ་སྟོན་པས་གྲངས་མེད་གདུལ་བྱ་ཡི། །བསམ་པ་ཇི་བཞིན་གསུངས་པའི་མདོ་རྒྱུད་ཀྱི། །དྲང་ངེས་མ་ལུས་ཇི་བཞིན་རྟོགས་པར་ཤོག །རྒྱལ་བའི་གསུང་ལ་རྣམ་དག་རིགས་པ་ཡིས། །ཡིད་ཆེས་ཅུང་ཟད་རྙེད་ནས་མང་ཐོས་དོན། །ཚུལ་བཞིན་བསྒྲུབ་ཕྱིར་དབེན་པ་བསྟེན་འདོད་བདག །བསྒྲུབ་པའི་བྱ་བ་ཕ་མཐར་ཕྱིན་གྱུར་ཅིག །དེང་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །བྱང་ཆུབ་སེམས་གཉིས་འཕེལ་བའི་རྗེས་མཐུན་པ། །མ་གཏོགས་འཁོར་དང་རྙེད་བཀུར་གྲགས་པ་སོགས། །སྐད་ཅིག་ཙམ་ཡང་འབྱུང་བ་མ་གྱུར་ཅིག །སྒྲུབ་པ་སྙིང་པོར་བྱེད་པའི་མཐུན་པའི་རྐྱེན། །བཤེས་གཉེན་གནས་དང་གྲོགས་དང་ཚེ་དང་ནི། །འཚོ་བའི་ཡོ་བྱད་རྒྱལ་བས་གནང་བ་རྣམས། །གཏུགས་པ་མེད་པར་བདེ་བླག་འགྲུབ་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་རིན་ཆེན་རྒྱལ་མཚན་གྱིས་བགྱིས་སོ། །

                                                                                                  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
        གསལ་འདེབས།། 
        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།