.འོད་དཔག་མེད་ཀྱི་བསྟོད་པ།
སྭསྟི། དྲི་མེད་ཤེལ་གྱི་དབུས་ན་བྱུ་རུའི་མདངས། །གསལ་བར་ཤར་བ་བཞིན་དུ་གྱུར་པའི་སྐུ། །ཆུ་སྐྱེས་ལྟེ་བར་མཛེས་པའི་ཟླ་གདན་ལ། །ཡིད་འོང་གོས་དང་རྒྱན་གྱིས་བརྗིད་པར་བཞུགས། །བདུད་ཀྱིས་མི་བསྐྱོད་རྡོ་རྗེའི་སྐྱིལ་ཀྲུང་སྟེང་། །འཆི་མེད་བདུད་རྩིའི་བཅུད་ཀྱིས་རབ་བལྟམས་པའི། །རིན་ཆེན་བུམ་པ་གཡས་གཡོན་ཕྱག་གཉིས་ཀྱིས། །ལེགས་བཟུང་འཆི་བདག་འཇོམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་རྒྱལ་བས་བསྟོད་པའི་ཕྲེང་བ་ཡིས། །ཡང་ཡང་བསྔགས་པའི་འགྲོ་བའི་སྐྱབས་ཀྱི་མཆོག །འདོད་དགུ་མ་ལུས་འབྱུང་བའི་གཏེར་ཆེན་པོ། །འོད་དཔག་མེད་པའི་ཞབས་ལ་ཕྱག་འཚལ་ལོ། །
སྭསྟི། པདྨ་རཱ་གའི་མདངས་ལྡན་འཛུམ་པའི་ཞལ། །མཐོན་མཐིང་གཡས་སུ་འཁྱིལ་བའི་དབུ་སྐྲ་མཛེས། །ཏིང་འཛིན་ཕྱག་རྒྱའི་སྟེང་ན་བདུད་རྩིའི་གཏེར། །རིན་ཆེན་བུམ་པ་བསྣམས་ལ་ཕྱག་འཚལ་ལོ། །མཐོང་ཐོས་དྲན་པས་ཕོངས་པ་ཀུན་ལས་སྐྱོབ། །མཚན་ཙམ་བཟུང་བས་ཡིད་ལ་རེ་བ་སྐོང་། །འཆི་མེད་གོ་འཕང་མཆོག་གཏེར་བཅོམ་ལྡན་འདས། །ཚེ་དཔག་མེད་པས་གང་བའི་ཞིང་བཀོད་འདི། །རྒྱལ་བའི་བསྟན་ལ་རབ་གུས་གཏོང་ལ་དགའ། །རིགས་གཟུགས་དབང་ཕྱུག་འབྱོར་བའི་དཔལ་གྱིས་མཛེས། །རང་སྲིད་ཆོས་བཞིན་སྐྱོང་བ་ཀུན་དབང་དང་། །བཀྲ་ཤིས་རྒྱལ་མཚན་ཡབ་སྲས་རྣམས་ཀྱིས་བཞེངས། །དེ་ཡི་དགེ་བས་སྦྱིན་པའི་བདག་པོ་རྣམས། །ཚེ་མཐར་ཕྱིན་ཅིང་སྟོབས་དང་འབྱོར་བ་སོགས། །ཕུན་ཚོགས་ཡར་ངོའི་ཟླ་བཞིན་འཕེལ་བ་དང་། །བདེ་བ་ཅན་དུ་མྱུར་དུ་སྐྱེ་བར་ཤོག །
སྭསྟི། ལེགས་ཚོགས་རྒྱ་མཚོའི་དཔལ་ལས་ལེགས་འཁྲུངས་ཤིང་། །བསྡུ་བཞིའི་བང་རིམ་རྣམས་ཀྱིས་ཀུན་ནས་མཛེས། །སྐལ་ལྡན་གསེར་རིའི་དབུས་ན་རབ་བརྗིད་པ། །འོད་དཔག་མེད་པའི་ལྷུན་པོ་དེ་ལ་འདུད། །གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་མང་འདས་པའི་སྔོན་དུ་མགོན་པོ་ཁྱོད། །འཇིག་རྟེན་དབང་ཕྱུག་རྒྱལ་པོའི་བསྟན་པ་ལ། །ཆོས་ཀྱི་འབྱུང་གནས་ཞེས་བྱའི་དགེ་སློང་གྱུར། །དེ་ཚེ་རྒྱལ་བ་དེ་ཡི་འཁོར་དབུས་སུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གཅིག་གི། །ཞིང་གི་བཀོད་པ་ཕུན་ཚོགས་གང་ཡིན་རྣམས། །ཞིང་གཅིག་ཏུ་ནི་ཡོངས་སུ་བཟུང་བ་ཡི། །དཔག་མེད་རྒྱལ་བའི་སྤྱན་སྔར་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པའི་ཚུལ་ལ་རབ་སྦྱངས་པས། །རྨོངས་པའི་རབ་རིབ་བཅོམ་པའི་དགེ་སློང་དེས། །རྒྱལ་སྲས་དགའ་བསྐྱེད་སྨོན་ལམ་རྒྱ་མཚོ་བཏབ། །རིང་ནས་སྨོན་པའི་རབ་འབྱམས་བཞེད་པའི་དོན། །ཇི་བཞིན་ཡོངས་སུ་རྫོགས་པ་དག་པའི་ཞིང་། །གང་གི་མིང་ནི་བདེ་བ་ཅན་ཞེས་པར། །མངོན་པར་བྱང་ཆུབ་ཁྱོད་ལ་ཕྱག་འཚལ་ལོ། །དཔག་ཚད་སྟོང་དང་དྲུག་བརྒྱར་རབ་མཐོ་ཞིང་། །ཡལ་ག་ལོ་མ་བརྒྱད་བརྒྱའི་བར་དུ་འཕྱང་། །རྩ་བའི་སྦོམས་ནི་དཔག་ཚད་ལྔ་བརྒྱ་པ། །རིན་ཅེན་དུ་མས་སྤྲས་པའི་བྱང་ཆུབ་ཤིང་། །དེ་ཡི་དྲུང་ན་ཉེར་མཛེས་རྒྱལ་བ་ཁྱེད། །འོད་དང་གཟི་བརྗིད་ཕ་མཐའ་མི་མངོན་ཞིང་། །འཁོར་དང་སྐུ་ཚེ་ཚད་བཟུང་མི་ནུས་པར། །འགྲོ་བའི་སྐྱབས་སུ་བཞུགས་ལ་ཕྱག་འཚལ་ལོ། །དེ་ལྟར་དག་པའི་ཞིང་མཆོག་བདེ་བ་ཅན། །དེ་ཡི་བཀོད་པ་དཀོན་ཅོག་བརྩགས་པ་ཡི། །འདུས་པ་ལྔ་པའི་མདོ་ཡི་རྗེས་འབྲངས་ནས། །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་པར་བཀོད། །འདི་ཡིས་བསྐྲུན་པའི་དགེ་ལེགས་ཕུང་པོ་དེས། །མཐའ་མེད་འཁོར་བར་དཔག་མེད་སྡུག་བསྔལ་གྱིས། །ཡང་ཡང་གཙེས་པའི་བདེ་བའི་གོ་སྐབས་བཅོམ། །ཉམ་ངའི་གནས་སུ་ལྷུང་བའི་འགྲོ་བ་ཀུན། །ཚེ་ཡི་འདུ་བྱེད་གཏང་བར་གྱུར་མ་ཐག །དག་པའི་ཞིང་དུ་བགྲོད་པའི་ལམ་བཟང་དེར། །མཐུ་ཆེན་རྒྱལ་སྲས་བརྒྱད་ཀྱིས་ལེགས་ཁྲིད་ནས། །ཐེག་མཆོག་སྤྱོད་པའི་རིགས་སུ་སྐྱེ་བར་ཤོག །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn