ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོའི་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-08 13:12:07     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

693186613476235220.jpg

            སྭསྟི། ལེགས་པར་སྤྱད་པ་རབ་འབྱམས་ལས་འོངས་པ། །སྐལ་བཟང་ཐར་འདོད་རྣམས་ཀྱི་སྐྱབས་ཀྱི་མཆོག །དཔལ་ལྡན་གཞུང་མང་ལྟ་བའི་མིག་གཅིག་པོ། །བཤེས་གཉེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་གོང་འོག་གཞུང་བརྒྱར་མ་རྨོངས་པས། །ཡོངས་སུ་རྫོགས་པའི་བསྟན་པའི་ཁུར་འཁྱེར་ཞིང་། །རྒྱལ་བའི་དགོངས་པའི་དགའ་སྟོན་སྩོལ་མཛད་པ། །འགྲོ་བའི་རྩ་ལག་བཟང་ལ་གསོལ་བ་འདེབས། །ཞེས་པ་ནི་དེ་ཉིད་ཀྱི་སློབ་མ་འགའ་ཞིག་གིས་བསྐུལ་བའི་ངོར་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གནམ་རྩེད་ལྡེང་དུ་སྦྱར་བའོ། །
 

 བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ།

            ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུན་ཚོགས་གྲུབ་པའི་རིགས་སུ་ལེགས་འཁྲུངས་ཤིང་། །རྟག་ཏུ་གཞན་ཕན་བདེ་ལ་རབ་ཏུ་གཞོལ། །སྐལ་བཟང་རེ་བ་སྐོང་བའི་འཕྲིན་ལས་ཅན། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །དྲི་མེད་ལྷག་བསམ་སྟོབས་ལས་འོངས་པ་ཡི། །ཐབས་མཁས་སྦྱོར་བ་བཟང་པོས་གདུལ་བྱ་ཀུན། །མི་ཕྱེད་དད་པའི་མྱུ་གུ་སྤེལ་མཛད་པ། །མཐོང་ན་མི་མཐུན་མེད་པ་ཁྱོད་ལ་འདུལ། །ཀུན་གྱི་གཙུག་གི་རྒྱན་དུ་འཛིན་ན་ཡང་། །ཁེངས་པ་དོར་ནས་ངེས་པའི་དཔལ་གྱིས་མཛེས། །དུལ་བའི་མཛད་པས་འགྲོ་བའི་ཡིད་འཕྲོག་པ། །འདྲེན་པ་བཟང་པོ་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་བཟང་ཁྱོད་ལ་དད་པ་ཡིས། །དགེ་ལེགས་བསོད་ནམས་དམ་པ་བསྐྲུན་ཕྱིར་དུ། །ཉེ་བར་ལྷགས་པའི་གདུལ་བྱ་ཇི་སྙེད་པ། །འབྲེལ་ཚད་དོན་ལྡན་བགྱིད་ལ་ཕྱག་འཚལ་ལོ། །ལེགས་ཚོགས་བརྒྱ་ཡིས་བསྐྲུན་པའི་རབ་མཛེས་སྐུ། །རྣ་བའི་དབང་པོ་ཚིམ་བྱེད་སྙན་པའི་གསུང་། །མཁྱེན་དང་བརྩེ་བའི་བདག་ཉིད་རྣམ་དག་ཐུགས། །ཡོན་ཏན་ཕུང་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྔོན་ཚེ་རྨད་བྱུང་དགེ་ཚོགས་དཔག་མེད་ལ། །ལེགས་པར་སྤྱད་པའི་འབྲས་བུ་དུ་མ་ཡིས། །གཞན་ལས་ཕུལ་དུ་བྱུང་བར་ལྷམ་མེ་བ། །བསོད་ནམས་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །འབྱོར་ལྡན་དད་ཅན་རྣམས་ཀྱིས་རབ་དང་བའི། །དཔལ་འབྱོར་ཆུ་བོ་འདུ་བའི་མཚོར་གྱུར་ནས། །སེར་སྣ་དོར་བའི་གཏོང་བ་རླབས་པོ་ཆེས། །རྟག་ཏུ་སྦྱིན་ལ་དགྱེས་ལ་ཕྱག་འཚལ་ལོ། །ཉེས་སྤྱོད་ཀུན་སྡོམ་ཚུལ་ཁྲིམས་འཕགས་པའི་ནོར། །དམ་པ་དགའ་སྐྱེད་བདེ་ལེགས་ཀུན་གྱི་གཞི། །ཉོན་མོངས་གདུང་སེལ་བསླབ་པ་རིན་པོ་ཆེ། །གུས་པས་གཅེས་སྤྲས་མཛད་ལ་ཕྱག་འཚལ་ལོ། །མི་སྲུན་སྐྱེ་བོས་གནོད་པའི་ལས་བརྩམས་ཀྱང་། །ཁོན་འཛིན་དོར་ནས་རབ་ཏུ་བྱམས་པར་མཛད། །ལོག་སྒྲུབ་སྐྱེ་བོའི་སྤྱོད་པས་མི་གཡོ་བ། །བཟོད་པའི་གོ་ཆ་མནབས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་ལེགས་ཚོགས་བསྡུ་བའི་ཕྱིར། །དམན་པའི་ལེ་ལོ་དོར་ནས་ཉིན་མཚན་དུ། །མངོན་པར་བགོས་པའི་གོ་ཆ་ཆེར་བགོས་པ། །བརྩོན་འགྲུས་བཟང་པོ་ཅན་ལ་ཕྱག་འཚལ་ལོ། །རྣམ་པར་གཡེང་བའི་བདུད་ཀྱི་སྡེ་འཇོམས་ཤིང་། །ཤིན་ཏུ་སྦྱངས་པའི་དགའ་བདེ་རྒྱས་བྱེད་པ། །སེམས་ལ་དུལ་བའི་དཔལ་སྟེར་ཏིང་ངེ་འཛིན། །བསམ་གཏན་མཆོག་གིས་དགྱེས་ལ་ཕྱག་འཚལ་ལོ། །བླང་དོར་དེ་ཉིད་ལྟ་བའི་མིག་གི་མཆོག །ལུས་ཅན་ཐར་པར་འཁྲིད་པའི་ལམ་གྱི་སྲོག །རྨོངས་པའི་རབ་རིབ་འཇོམས་པའི་སྨན་ཆེན་པོ། །ཤེས་རབ་ཆེན་པོ་ཁྱོད་ལ་ཕྱགས་འཚལ་ལོ། །རྨད་བྱུང་དགེ་ལེགས་དུ་མའི་སྟོབས་ཀྱིས་ནི། །འགྲོ་བའི་ཡོན་ཏན་དམ་པར་ཉེར་འཁྲུངས་པ། །སྐྱབས་ཁྱོད་མཐའ་ཡས་གདུལ་བྱའི་རྣམ་འདྲེན་དུ། །ད་དུང་རིང་དུ་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བླ་མ་མཆོག་གི་ཡོན་ཏན་ནི། །ཕྱོགས་ཙམ་བརྗོད་པའི་བསོད་ནམས་ཅི་བསགས་པ། །དེས་ནི་མགོན་མེད་སེམས་ཅན་ཐམས་ཅད་ཀྱིས། །རྟག་ཏུ་བཤེས་གཉེན་བཟང་པོ་རྙེད་གྱུར་ཅིག །དམ་པ་རྙེད་ཚེ་ལེགས་པར་མཉེས་བྱས་ནས། །རྒྱལ་བའི་དགོངས་པ་ཚུལ་བཞིན་བསྒྲུབ་པ་ཡིས། །རྒྱལ་སྲས་རྣམས་ཀྱི་རྗེས་སུ་རབ་ཞུགས་ཏེ། །དལ་བ་ཐོབ་པ་དོན་ལྡན་བྱེད་པར་ཤོག །ཐུབ་པའི་བསྟན་པའི་ཁུར་ཆེན་འཁྱེར་བར་ཤོག །འགྲོ་ལ་སྙིང་རྗེ་རྒྱུན་མི་འཆད་པར་ཤོག །ཟབ་མོའི་ལམ་གྱིས་བདག་གཞན་སྒྲོལ་བ་ལ། །བདུད་ཀྱི་བར་ཆད་གང་ཡང་མེད་གྱུར་ཅིག །ཅེས་མཐའ་ཡས་པའི་འགྲོ་བའི་འདྲེན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་ཅུང་ཟད་བསྟོད་པ་འདི་ནི། བླ་མ་ཆོས་སྒོ་བ་བཀྲ་ཤིས་རིན་ཅེན་དང་། སློབ་དཔོན་ཆེན་པོ་ཤེས་རབ་དཔལ་དང་། གཟིམས་གཡོག་པ་ཡོན་ཏན་རིན་ཆེན་གྱིས་བསྐུལ་བའི་དོན་དུ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །
 

                                                                      རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
 


 

བརྒྱུད་འགོད།