ཆོས་རྗེ་བླ་མ་དམ་པ་དང་ལྷ་ཁང་པ་བློ་གྲོས་སེང་གེའི་བྲིས་སྐུ་ཐང་གའི་རྒྱབ་ཡིག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-08 13:08:49     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

839324460364554609.jpg

       ན་མོ་པུ་ཎྱ་དྷྭ་ཛ་ཤྲཱི་བྷ་དྲ་སརྦ་བུད་ངྷ་བོ་ངྷི་ས་ཏྭ་ན་མ། སྭསྟི། གདུལ་བྱ་རྒྱུ་སྐར་དབུས་ན་བསོད་ནམས་འོད་དཀར་འཕྲོ། །གསུང་རབ་བྱ་ལམ་དབྱིངས་ན་བསྟན་པའི་རྒྱལ་མཚན་འཛིན། །ཚོགས་གཉིས་འཛིན་མའི་ཁྱོན་ན་སྐུ་གསུམ་ལྷུན་པོའི་དཔལ། །འཕྲིན་ལས་བཟང་པོས་འགྲོ་བ་བུ་བཞིན་སྐྱོང་མཛད་རྒྱལ། །བསོད་ནམས་བྱེ་བ་བརྒྱས་བསྐྲུན་གང་གི་སྐུ། །གྲངས་མེད་འཁོར་གྱི་དབུས་ན་ཡིད་འཕྲོག་པའི། །ངུར་སྨྲིག་རྒྱལ་མཚན་རྟགས་ཀྱིས་མཛེས་པ་ནི། །མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་རི་བཞིན། །རྗེ་བཙུན་འཇམ་དབྱངས་དགེ་སྦྱོང་ཚུལ་བསྟན་པ། །ཆོས་རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་འདུད། །ཟབ་མོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །དངོས་འཛིན་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །
       ན་མོ་བུད་ངྷཱ་ཡ་ན་མ། སྭསྟི། བློ་གྲོས་ལུས་སྟོབས་རྫོགས་པའི་སྟོབས་མངའ་བ། །ཕས་རྒོལ་རི་དྭགས་འཇོམས་པའི་མཆེ་བ་ཅན། །ཚུལ་ཁྲིམས་གངས་ཀྱི་ས་འཛིན་རྩེར་གནས་པའི། །སྨྲ་བའི་སེང་གེ་དེ་ལ་ཀུན་ནས་འདུད། །མཁྱེན་པས་མཐའ་མེད་ཤེས་བྱའི་གནས་ལ་སྦྱངས། །བརྩེ་བས་ལུས་ཅན་ཀུན་ལ་མ་ལྟར་སྙོམས། །ཏིང་འཛིན་སྟོབས་ཀྱིས་ངེས་དོན་བདུད་རྩི་བརྙེས། །རྒྱལ་སྲས་དམ་པ་བློ་གྲོས་སེང་གེ་རྒྱལ། །འཕགས་པ་པད་དཀར་འཛིན་པའི་སྤྲུལ་པའི་སྐུ། །གངས་ཅན་བློ་གྲོས་སེངས་གེའི་ཞབས་ལ་འདུད། །རྒྱ་ཆེན་བྱམས་དང་སྙིང་རྗེའི་ཆུ་ཆེན་གྱིས། །ཞེ་སྡང་མེ་དཔུང་ཞི་བར་བྱིན་གྱིས་རློབས། །བསྟོད་པ་གཉིས་པོ་འདི། ཆོས་རྗེ་བླ་མ་དམ་པ་དང་། རྒྱལ་ལྷ་ཁང་པ་བློ་གྲོས་སེང་གེའི་བྲིས་སྐུ་རེ་བཞེངས་པའི་གཤམ་དུ། སྣེའུ་ནས། དྲུང་ཆེན་ནམ་མཁའ་བཟང་པོས་བསྐུལ་ནས། རྗེ་ཐམས་ཅད་མཁྱེན་པས་མཛད་པའོ། །
          

                                        ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས་པ།
       ན་མ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །མཐའ་ཡས་འགྲོ་བའི་མར་གྱུར་སྤྱན་རས་གཟིགས། །མ་ལུས་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་འདུས་སྐུ་བླ་མའི་ཞབས་ལ་འདུད། །སྐྱོན་བྲལ་ཚུལ་ཁྲིམས་ཆུ་གཏེར་དབུས་ན་མཛེས། །རྒྱལ་སྲས་སྤྱོད་པའི་འདབ་སྟོང་རབ་ཏུ་རྒྱས། །གསང་བའི་དམ་ཚིག་སྦྲང་རྩིའི་དཔལ་འཛིན་པ། །སྡོམ་གསུམ་རྒྱན་གྱིས་མཛེས་ལ་གསོལ་བ་འདེབས། །རྒྱལ་བའི་གསང་བའི་མཛོད་འཛིན་རྡོ་རྗེ་འཆང་། །དེ་ཡི་གསུང་རྒྱུན་བདུད་རྩིས་བློ་གྲོས་ལུས། །ལེགས་པར་རྒྱས་པའི་རྒྱལ་སྲས་འགྲོ་བའི་མགོན། །སྐྱེ་དགུའི་གཙུག་གི་རྒྱན་ལ་གསོལ་བ་འདེབས། །ཟབ་མོ་ཇི་བཞིན་མཁྱེན་པའི་ཐུགས་མངའ་ཞིང་། །ཉིད་ཀྱིས་གཟིགས་བཞིན་འགྲོ་ལ་བསྐྲུན་པའི་ཕྱིར། །གཞན་ཕན་སྒྲུབ་ལ་སྐྱོ་བ་མི་མངའ་བ། །འགྲོ་བའི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །བྱམས་པས་ཁྲོ་བའི་གོ་སྐབས་མེད་པར་མཛད། །བརྩེ་བས་གཞན་དོན་འབའ་ཞིག་ལྷུར་མཛད་ཅིང་། །བསྟེན་པ་ཙམ་གྱིས་ངང་གིས་དགེ་བ་འཕེལ། །ཡོན་ཏན་ཕུང་པོ་ཁྱོད་ལ་གསོལ་བ་འདེབས། །མཐུ་ཆེན་ཁྱོད་ལ་གསོལ་བ་འདེབས་པ་བདག །ཚེ་རབས་ཀུན་ཏུ་ཁྱོད་དང་མི་འབྲལ་ཞིང་། །མི་ཕྱེད་དད་པས་ཁྱོད་མཉེས་བགྱིད་པ་དང་། །ཟབ་མོའི་གདམས་པས་རྗེས་སུ་འཛིན་པར་ཤོག །གསང་བའི་བདག་པོ་དཔལ་ལྡན་བླ་མ་ཡིས། །བརྩེ་བས་བཟུང་ཚེ་བླ་མའི་ཡོན་ཏན་ཀུན། །ལེགས་པར་མཐོང་ཞིང་ཡིད་ཆེས་ཆེན་པོ་ཡིས། །ཐེ་ཚོམ་བྲལ་ཞིང་གསུང་བཞིན་བསྒྲུབ་པར་ཤོག །མདོར་ན་བདག་གི་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་ལ་སྨོན་བཞིན་འགྲུབ་པ་དང་། །མི་འདོད་དངོས་པོ་ཐམས་ཅད་ཉེར་ཞི་ནས། །བཤེས་གཉེན་དམ་པས་འབྲལ་མེད་འཛིན་གྱུར་ཅིག །ཅེས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་གསོལ་བ་འདེབས་པ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །
 

                                                                          རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།