ཆོས་ཀྱི་རྗེ་ས་སྐྱ་པར་བསྟོད་པ།
ༀ་བདེ་ལེགས་སུ་གྱུར་ཅིག རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པས། །གསུང་རབ་ནོར་བུའི་གླིང་ལ་མངའ་སྒྱུར་ཞིང་། །སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་པས། །ངོ་མཚར་བསྔགས་པའི་གནས་གྱུར་ས་སྐྱ་པ། །མཁྱེན་པའི་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །བརྩེ་བས་ལེགས་བཤད་དགའ་སྟོན་འགྲོ་ལ་སྩོལ། །མཛད་པས་རྒྱལ་བ་མཉེས་པ་འབའ་ཞིག་བསྒྲུབ། །མཚན་ནས་བརྗོད་པར་དཀའ་བ་ཁྱོད་ལ་འདུད། །ཁྱོད་ནི་བློ་གྲོས་དྲི་མ་མེད། །མུ་མཐའ་བྲལ་བའི་ཤེས་བྱ་ལ། །ལྷ་ཡི་ལམ་ལ་འོད་སྟོང་བཞིན། །འཇུག་པར་མཐོང་ཚེ་བདག་གི་ཡིད། །ཡ་མཚན་གྱུར་ནས་དེ་ཡི་དཔེར། །འཇམ་པའི་དབྱངས་ཀྱི་མཁྱེན་པ་བཙལ། །དེ་ནས་དེ་གཉིས་དབྱེར་མེད་པར། །མཐོང་བས་བདག་གི་དཔེ་མ་རྙེད། །རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས། །རབ་དཀར་གངས་རིའི་ལྗོངས་སུ་འགྲོ་རྣམས་ཀྱི། །རབ་མཛེས་གཙུག་གི་རྒྱན་དུ་བྱོན་གྱུར་ནས། །རབ་རིབ་མ་ལུས་སེལ་བའི་ས་སྐྱ་པ། །མ་ལྟར་བརྩེ་བའི་ཐུགས་རྗེས་ལུས་ཅན་ཀུན། །སྲིད་ལས་སྒྲོལ་བའི་ཐབས་ལ་ཤིན་ཏུ་དགའ། །མཁྱེན་བརྩེའི་དཔུང་གིས་བདུད་སྡེའི་དཔུང་བཅོམ་ནས། །བསྟན་པའི་རྒྱལ་མཚན་འཛིན་པ་ཁྱོད་ལ་འདུད། །ཁྱོད་ཀྱིས་ཐུབ་བསྟན་ནོར་བུ་ཡི། །དྲི་མ་རིགས་པའི་ཆུ་ཡིས་བཀྲུས། །ཡིད་ཆེས་ལུང་གིས་བྱི་དོར་བྱས། །སྒྲུབ་པའི་རྒྱལ་མཚན་རྩེ་རུ་མཆོད། །ཉིན་མཚན་དུས་ནི་ཐམས་ཅད་དུ། །བསྟན་པ་འབའ་ཞིག་དགོངས་པ་ཁྱོད། །སྙིགས་དུས་འགྲོ་བ་སྐྱབས་མེད་ལ། །རྒྱལ་བ་བས་ཀྱང་ཐུགས་རྗེ་ཆེ། །ཐ་སྙད་གཙུག་ལག་ནང་གི་སྡེ་སྣོད་ཀྱི། །བདེ་གཤེགས་དགོངས་པ་ཐམས་ཅད་ལེགས་རྟོགས་ནས། །མ་རྟོགས་པ་དང་ཕྱོགས་རེས་ཚིམ་པ་དང་། །ཇི་བཞིན་མིན་པར་རྟོགས་པའི་འགྲོ་བ་ལ། །ལྷག་པར་བརྩེ་བ་སྐྱེས་ནས་ཡིན་ལུགས་དོན། །རྣར་སྙན་ཡིད་འབབ་གོ་བར་སླ་བ་ཡི། །སྐྱོན་སྤངས་གསུང་གི་ཡང་ཡང་འདོམས་མཛད་པ། །ཁྱོད་ལ་བསམ་པ་དག་པས་བདག་ཕྱག་འཚལ། །ས་སྟེང་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །གནས་ལྔ་མངོན་དུ་གྱུར་པའི་པཎྜི་ཏ། །གངས་ཅན་འགྲོ་བའི་སྐྱབས་གཅིག་ས་སྐྱ་པ། །ཉིན་མཚན་ཀུན་ཏུ་གུས་པས་གསོལ་བ་འདེབས། །སྐྱེ་ནས་སྐྱེ་བར་མཚན་དཔེའི་གཟི་འབར་བ། །ཁྱོད་སྐུ་མཐོང་ཞིང་ཐེག་མཆོག་སྒྲོག་པ་ཡི། །ཁྱོད་གསུང་རྒྱུན་ཆད་མེད་པར་ཐོས་པར་ཤོག །ཅེས་པ་འདི་རྒྱུད་སྡེ་འཛིན་པ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཆོས་རྗེ་དེ་ཉིད་ལ་མི་ཕྱེད་པའི་གུས་པ་དང་ལྡན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མོན་མཁར་བཀྲ་ཤིས་གདོང་དུ་སྦྱར་བའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn