བླ་མ་དམ་པ་ཀུ་མཱ་ར་མ་ཏིའི་ཡོན་ཏན་རྗེས་སུ་དྲན་ནས་ཅུང་ཟད་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-02 20:33:55     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

425962250703263969.jpg
 

           ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་རབ་གཞན་དང་སྐལ་བ་མི་མཉམ་ཞིང་། །རིགས་པའི་ལམ་དུ་བརྩོན་པའང་མ་ལྷོད་པས། །བསྟན་པའི་དེ་ཉིད་གཟིགས་ནས་སྟོན་པ་ལ། །བསྒྲུབ་པའི་མཆོད་པས་དགྱེས་པ་བསྐྱེད་སླད་དུ། །དབེན་པའི་གནས་ན་མང་དུ་ཐོས་པའི་དོན། །ཚུལ་བཞིན་སྒྲུབ་པའི་དམ་ཆོས་བདུད་རྩིའི་རོས། །ཡིད་ལ་སྐལ་བཟང་སྩོལ་བའི་དགོན་པ་པ། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རེད་མདའ་པའི། །ཞབས་པད་གུས་པས་བསྟེན་པས་རྒྱལ་བ་ལ། །ཡིད་ཆེས་ཅུད་ཟད་རྙེད་པའི་བས་མཐའ་པ། །བློ་བཟང་གྲགས་པ་གངས་རིའི་ལྗོངས་ཤིག་ན། །བཤེས་གཉེན་དམ་པའི་ཡོན་ཏན་རྗེས་སུ་དྲན། །འཇིག་རྟེན་འདྲེན་པའི་དགོངས་པ་བཞིན། །དགོངས་ཤིང་དེ་བཞིན་འདོམས་པ་དང་། །འདོམས་པ་བཞིན་དུ་ལེགས་སྒྲུབ་པ། །འདི་ནི་ཁྱོད་ཀྱི་ཡོན་ཏན་ལགས། །གཞན་དུ་ཚུལ་འདི་མ་མཐོང་བས། །གཤོང་བུ་དམའ་བར་ཆུ་རྒྱུན་བཞིན། །དུས་ཀུན་ཏུ་ནི་བདག་གི་ཡིད། །ཁྱོད་ཉིད་ལ་ནི་རྗེས་སུ་སོང་། །ཐུབ་པའི་དགོངས་པ་ཚོལ་བའི་སྒོ་གཅིག་པུ། །ལུང་དོན་ཚུལ་བཞིན་སྤྱོད་པའི་རིགས་པ་ཡིས། །དོ་ཤལ་མཆོག་འདིས་ཁྱོད་ཀྱི་མགྲིན་པ་ཉིད། །ཡོངས་སུ་བཟུང་ནས་གཞན་དུ་འགྲོ་མི་བྱེད། །ལུང་ཙམ་སྐྱབས་སུ་གྱུར་པའི་སྐྱེ་བོ་འདིས། །རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས། །རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ། །མཐོང་བར་གྱུར་ཚེ་ལྷག་པར་ཁྱོད་ཉིད་དྲན། །ལེགས་ཚོགས་ཇི་སྙེད་མཆིས་པ་སྐྱེ་བ་དང་། །གནས་དང་འཕེལ་བ་གང་ལ་རག་ལས་པར། །རྒྱལ་བས་ལན་ཅིག་མིན་པར་བསྔགས་པ་ཡི། །ཚུལ་ཁྲིམས་འཕགས་པའི་ནོར་དུ་གཟིགས་ནས་ནི། །ཉེར་སྦས་ཟླ་བའི་ནོར་བུ་ཡོན་ཏན་འོད། །ཐམས་ཅད་ཡོད་སྨྲའི་མཁས་པའི་དགོངས་པ་བཞིན། །འདུལ་བ་འབུམ་སྡེའི་དགག་སྒྲུབ་གནང་གསུམ་གྱི། །བསླབ་པའི་གནས་ལ་མཁས་ཤིང་འདའ་མི་བྱེད། །ཐུབ་པའི་གསུང་ལས་རྣམ་པ་གཞན་ཉིད་དུ། །དངོས་པོའི་དེ་ཉིད་བསྟན་པར་འདོད་པ་ཡི། །སེར་སྐྱ་རྐང་མིག་སོགས་ཀྱིས་བསྟན་པའི་ལམ། །ཆུ་ཤིང་བཞིན་ཏེ་ཚིག་ཙམ་སྙིང་པོ་རུ། །ལེགས་པར་མཐོང་ཞིང་བདེ་བར་གཤེགས་པའི་ལུགས། །དོན་བཟང་ཚིག་འབྲུ་བཟང་ཞིང་མ་འདྲེས་རྫོགས། །ཐོག་མཐའ་བར་དུ་དགེ་བ་རོ་གཅིག་པར། །ཡིད་ཆེས་གཏིང་ནས་རྙེད་པའི་ཐབས་ཀྱི་མཆོག །རིགས་ཚུལ་བརྒྱ་ཕྲག་དུ་མའི་རོ་ལྡན་པས། །བློ་ཆེན་ལྡན་རྣམས་དགའ་བ་རྒྱས་བྱེད་པ། །རྣམ་འགྲེལ་མཛད་པའི་ཐུན་མོང་མིན་པའི་ལུགས། །ཡོངས་སུ་རྫོགས་པར་སྨྲ་བའང་ཁྱོད་དུ་བས། །སྟོབས་བཅུ་མངའ་བ་ཐུབ་པའི་རིང་ལུགས་པ། །ཚུལ་གཉིས་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན། །གང་གིས་བདེ་བར་གཤེགས་པའི་གདུང་འཚོལ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱི་བཞེད་པའི་གཞུང་། །ཇི་བཞིན་གསལ་བར་གཟིགས་ནས་བརྩེ་བ་ཡིས། །སྐྱོན་བྲལ་གསུང་གིས་གཞན་ལ་ལེགས་འདོམས་པས། །བསྟན་པའི་གནད་ལ་ངེས་པ་སྟེར་བ་འདི། །ཁྱོད་ཀྱི་རྗེས་སུ་བསྟན་ལས་གཞན་སུ་ཞིག །ཐུབ་པ་ཆེན་པོས་ཆོས་ཀྱི་རྣམ་གྲངས་ནི། །ཇི་སྙེད་གསུངས་པ་ཀུན་གྱི་རྩེར་གྱུར་པ། །རྒྱུད་སྡེའི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་རྡོ་རྗེའི་ཚིག །ཇི་བཞིན་ལེགས་པར་ཕྱེད་ནས་རིམ་གཉིས་ཀྱི། །ཏིང་འཛིན་མཆོག་གི་བདེ་ལ་རོལ་བས་ན། །རྡོ་རྗེ་འཛིན་པ་ཞེས་པའི་སྒྲ་དེ་ཡང་། །མགོན་པོ་ཁྱོད་ལ་དོན་དང་བཅས་པར་གྱུར། །དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གཞན་ལ་འདོམས་པའི་ངག་ཚིག་དྲི་མ་མེད། །ཚིག་གིས་མི་ངོམས་སྒྲུབ་པ་སྙིང་པོར་བྱེད། །དེ་ཕྱིར་ཁྱོད་ནི་མཁས་པས་བསྔགས་པར་འོས། །ཁྱོད་ཀྱིས་རང་གི་སྟོན་པ་ཡི། །ཡོན་ཏན་དང་ནི་ལུགས་གཞན་གྱི། །སྐྱོན་རྣམས་མཐོང་བའི་རིགས་པའི་མིག །དྲི་མ་མེད་པ་ལེགས་པར་སྩལ། །སྐྱོན་དང་བྲལ་བ་ཐུབ་པའི་ལུགས། །གཞུང་འཛུགས་བགྱིད་པའི་སྒྲུབ་པ་དང་། །སྨྲ་བ་ངན་རྣམས་ཚར་གཅོད་པའི། །སུན་འབྱིན་བགྱིད་པའི་གནས་རྣམས་ལ། །སྐྱོན་ཡང་ཡོན་ཏན་ལྟ་བུ་དང་། །ཡོན་ཏན་སྐྱོན་ལྟར་སྣང་བ་ཡི། །ཡང་དག་པ་དང་ལྟར་སྣང་གི། །རྣམ་པར་དབྱེ་བའང་ལེགས་པར་བསྟན། །དེ་ལྟར་ལོག་པར་འགྲོ་བ་བཀག །མཁས་པ་དགྱེས་པའི་ལམ་དུ་ཁྲིད། །མང་ཐོས་ཆུད་མི་ཟ་བའི་རྒྱུ། །དེ་དོན་སྒྲུབ་ལའང་རབ་ཏུ་སྦྱར། །དེ་ཕྱིར་ཁྱོད་ཀྱིས་གདུལ་བྱ་ལ། །བགྱི་བར་འོས་པ་མ་ལུས་མཛད། །ཕན་མཛད་ཁྱོད་ལ་དུས་ཀུན་ཏུ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཁང་བཟང་བུ་གར་ཉིན་མོར་བྱེད་པའི་འོད། །ཆ་ཤས་ཙམ་ཞིག་ཤར་བར་གྱུར་པས་ཀྱང་། །དེ་ན་གནས་པའི་མུན་པ་ཀུན་བཅོམ་ནས། །བླང་དོར་གནས་རྣམས་གསལ་བར་བྱེད་པ་ལྟར། །ཁྱོད་ཀྱི་ཡོན་ཏན་མཐའ་དག་མ་རྟོགས་ཀྱང་། །ཕྱོགས་ཙམ་མཐོང་བ་འདིས་ཀྱང་བདག་གི་བློ། །དེ་ཉིད་གནས་ལ་དཔྱོད་པའི་སྐབས་རྙེད་པས། །ཐུབ་པའི་ལེགས་པར་བཤད་པའི་དགའ་སྟོན་མྱོང་། །འགྲོ་བའི་ཕུན་ཚོགས་ཀུན་གྱི་གཞིར་གྱུར་པ། །དཔལ་ལྡན་བླ་མ་ཅུང་ཟད་བསྟོད་པ་ཡི། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པའི་མགོན་དང་ལྡན་གྱུར་ཅིག །ཅེས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་དཔལ་ལྡན་བླ་མ་དམ་པ་ཀུ་མཱ་ར་མ་ཏིའི་ཡོན་ཏན་རྗེས་སུ་དྲན་ནས་ཅུང་ཟད་བསྟོད་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷའི་སྡིངས་མང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བ་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་བཟང་ངོ་། །
 

 

                                                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།