རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་མདོ་ཙམ་བརྗོད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 20:26:42     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་རྣམ་འགྲེལ་དང་ཌཱིཀྐ་ཐུགས་འཛིན་དང་། མཁན་རིན་པོ་ཆེ་ཉིད་ལས། ཀྱཻ་རྡོར་དང་དོན་ཞགས་སོགས་མང་དུ་ཞུས་ཤིང་། སྨན་བླའི་ལུང་ཞུས་དུས་ཁྱེད་ལ་སྐུ་ཚེ་རིང་པོ་འོང་བའི་མཚན་མ་བྱུང་བྷཻ་ཁ་ཛེ་ཉེར་གཅིག་རེ་དམ་བཅའ་གྱིས་གསུང་། ཇི་ལྟར་བྱུང་ཞུས་པས། བཅུ་ཕྲག་བརྒྱད་ལྷག་མཚོན་པའི་སེང་ཁྲི་ལ། །སྨན་པའི་རྒྱལ་པོ་དབུ་སྐྲ་དུང་མདོག་ཅན། །ཆོས་འཆད་ཚེ་རིང་ནད་མེད་ལྟས་ཡིན་གསུང་། །དགུང་ལོ་ཉེར་ལྔ་པ་ལ་བབས་པའི་ཚེ། །རང་ཉིད་རྗེ་བཙུན་ཙོང་ཁ་པ་མཇལ་འདོད་ཡོད་པ་དང་། མཁན་རིན་པོ་ཆེས་ཀྱང་སྐབས་སུ་བབས་པར་མཁྱེན་ནས་དབུས་སུ་ཕེབས་ནས། ཁྲ་འབྲུག་ཏུ་བྱང་སེམས་ཀུན་བཟང་བ་ལ་དབུ་ཚད་དང་། ཐང་པོ་ཆེར་ཆོས་རྗེ་རོང་སྟོན་ལ་ཕར་ཕྱིན་གསན།

        དེ་ནས་འོན་བཀྲ་ཤིས་གདོང་ཁར་རྗེ་རིན་པོ་ཆེ་དང་མཇལ། དྲང་ངེས་རྣམ་འབྱེད་དང་། རྩ་ཤེའི་རྣམ་བཤད་སོགས་གསན་ཞིང་། རྗེ་རིན་པོ་ཆེས་མཐང་གོས་བཞེས་འཕྲོ་གཅིག་གནང་། འདུལ་བའི་བསླབ་ཁྲིམས་སྤེལ་བའི་རྟེན་འབྲེལ་མཛད། རྗེ་རིན་པོ་ཆེས་ཐང་པོ་ཆེར་ཉི་མ་རྒྱལ་མཚན་ལ་གསང་འདུས་ཞུས་ན་ལེགས་གསུང་པ་ལྟར། ཁོང་ལ་གསང་འདུས་མི་བསྐྱོད་པ། འཇིགས་བྱེད་བཅུ་གསུམ་མ། གཤེད་དམར་བཅུ་གསུམ་མ། ལྷ་ལྔ་སོགས་གསན་ཞིང་། དགའ་ལྡན་དང་གསང་ཕུར་ཕར་འབྱོན་ཚུར་འབྱོན་མཛད་ནས་ལོ་གསུམ་ཙམ་གྱི་རིང་། རྗེ་རིན་པོ་ཆེ། རྒྱལ་ཚབ། འདུལ་འཛིན་རྣམས་ལས་ལམ་རིམ་སོགས་མདོ་སྔགས་མང་དུ་གསན།

        ས་ཕག་ལོ་རྗེ་རིན་པོ་ཆེས་འབྲས་སྤུངས་དང་། སེ་ར་ཆོས་སྡིངས་སུ་མདོ་སྔགས་ཀྱི་ཆོས་གང་གནང་ཐམས་ཅད་ཞུས། དེ་ནས་རྗེ་རིན་པོ་ཆེས་ཞལ་ཏ་གནང་སྟེ་ཕན་ཡུལ་གྲོ་པར་དམར་སྟོན་ཁུ་དབོན་ལ་འདུལ་བ་ཞིབ་པར་གསན་ཞིང་མངོན་པའང་གསན། དེ་སྐབས་རྗེ་རིན་པོ་ཆེ་ཞིང་ལ་གཤེགས། དེ་ནས་སླར་ཡང་གསང་ཕུར་ཕེབས་ནས། མཐོང་སྨོན་གྲྭ་ཚང་གི་འཆད་ཉན་མཛད་སྐབས་མནལ་ལམ་དུ་ཤར་ཕྱོགས་སུ་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཞིག་གཟིགས་པའི་མཛོད་སྤུ་ནས་ཟླ་བ་ཉ་གང་བ་ཞིག་ཆད་ནས་རྗེ་རང་ཉིད་ལ་ཐིམ་པར་རྨིས། དེ་རྗེས་ཤེས་རབ་སེང་གེ་ལ་ཞུས་པས། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཅིང་ཚེ་རིང་པོ་འོང་བའི་ལྟས་ཡིན། ངེད་ཀྱི་རྨི་ལམ་དུ་ཁྱེད་མགོ་སྐྱ་ཡེར་ཡེར་འཆད་ཉན་བྱེད་པ་རྨིས་གསུང་།

        ཡང་དེ་དུས་མནལ་ལམ་དུ་ནམ་མཁའ་ནས་ཨོཾ་ཝཱ་གི་ཤྭ་རི་མུཾ་གྱི་ཡི་གེ་ལཉྪའི་རྣམ་པར་ནར་གྱིས་བྱུང་རྗེ་དེ་ཉིད་ཀྱི་ལྕེ་ཐོག་ཏུ་བབས་པ་དང་། ད་འཚེངས། ད་འཚེངས། ཞེས་ལན་གསུམ་བརྗོད་པ་དང་མཉམ་དུ་མནལ་སད་པ་ཞིག་རྨིས་གསུང་། དེ་ལྟར་དབུས་ཕྱོགས་སུ་ལོ་བཅུ་གཉིས་བཞུགས་ཏེ། མེ་ཕོ་རྟ་ལོ་ལ་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་ཕྱོགས་མཐུན་དུ་གཙང་ཕྱོགས་སུ་ཕེབས་ནས། བྱང་ཆེན། རྟ་ནག་རི་ལུད་སོགས་སུ་འཆད་ཉན་མཛད་ནས་ཤེས་རབ་སེང་གེ་དབུས་སུ་ཕེབས། རྗེ་འདི་པ་ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་འཆད་ཉན་མཛད། ཕྱིར་ལམ་པདྨ་ཆོས་སྡིངས་སུ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་སྒྲོལ་མའི་སྐོར་སོགས་ཆོས་མང་དུ་ཞུས། པཎ་ཆེན་གྱིས་རིག་གནས་སྐོར་དང་མདོ་རྒྱུད་ཀྱི་དྲི་བ་མང་དུ་མཛད་པ་ཐམས་ཅད་ལ་ལན་ཐོགས་མེད་དུ་ཕུལ་བས་ཤིན་ཏུ་དགྱེས་ཏེ། ད་ཕྱིན་ཆད་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཞེས་མངའ་གསོལ་མཛད།

        དེ་ནས་ས་སྐྱ། རྒྱ་འབུམ་མོ་ཆེར་ཕེབས་སྐབས་རྟེན་འབྱུང་མཐའ་བྲལ་གྱི་དོན་ལ་ངེས་པ་རྙེད་ཅིང་དེ་ཚུན་ཆད་སྙིང་རྗེ་གསུམ་གྱིས་དུས་འདའ་བ་བྱུང་། བོ་དོང་དུ་ཕེབས་ནས་རྒྱལ་སྲས་རིན་པོ་ཆེའི་སློབ་མ་ཆོས་བཟང་དཔལ་བ་ཞེས་པ་ལ་དམག་ཟོར་མའི་རྗེས་གནང་ཞུས་པས། ཁོང་གི་ཞལ་ནས། མདང་རྨི་ལམ་དུ། ལྷོ་ཕྱོགས་འདི་ནས་རླུང་ནག་འཚུབ་མའི་དཀྱིལ་ནས་དགེ་སློང་གཅིག་པོ་དོང་གི་སྒོ་རྩར་སླེབས་བྱུང་བ་ལ། འདི་ནས་བུད་མེད་རྒྱན་ཆ་ཅན་གཅིག་སོང་སྟེ། བསྟན་འཛིན་ཆེན་པོ་ལ་བསུ་བ་བྱ་ཟེར་ནས་བྱུང་བ་རྨིས། ད་རེས་རང་འབྲུག་མོ་ཧོར་གྱིས་ཁྱེར་བ་འདྲ་གསུང་ཞིང་། ལྷ་མོ་འདིའི་བཀའ་ལུང་མན་ངག་དང་བཅས་པ་གནང་། གཞན་ཡང་བྱང་ཆེན་སོགས་སུ་བྱ་བྲལ་འཆད་ཉན་གྱིས་བསྟན་པ་རྒྱས་པར་མཛད།

        ས་རྟ་ལོ་སླར་ཡང་དབུས་སུ་ཕེབས་ནས་བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་ལ། ཕྱག་རྡོར་འཁོར་ཆེན་སོགས་དང་། འཆད་ཁར་ལྷ་བྲུར་ཁང་པ་ལ་བློ་སྦྱོང་སྐོར་དང་། ཨེ་ཝཾ་དུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་དུས་ཀྱི་འཁོར་ལོའི་སྐོར་རྣམས་རྒྱས་པར་གསན། སླར་ཡང་ཤེས་རབ་སེང་གེ་དང་ཡབ་སྲས་གཉིས་ཀ་གཙང་དུ་ཕེབས་ནས་སྣར་ཐང་དང་བྱང་ཆེན་སོགས་སུ་འདུལ་པའི་འཆད་ཉན་གཙོ་བོར་མཛད་པས། སྒྲོལ་མ་དཀར་སྔོ། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་མང་པོའི་ཞལ་གཟིགས། ལྷུན་པོ་རྩེར་བྱང་སེམས་ཤཱཀྱ་འཕེལ་བས་གདན་དྲངས་ནས་རྗེ་ཤེས་རབ་སེང་གེས། རིམ་ལྔའི་དམར་ཁྲིད། རྒྱུ་འགྲེལ་སོགས་གསུངས་ནས། དགའ་ལྡན་དུ་ཕེབས། དེ་རྗེས་རྗེ་འདིས། ལྷུན་པོ་རྩེ། དཔལ་སྡིངས་རྣམས་སུ་འཆད་ཉན་མཛད། བདེ་ཆེན་རྩེར་ལོ་ཆེན་ཐུགས་རྗེ་དཔལ་བ་སྤྱན་དྲངས་ཏེ། ཐ་སྙད་སྐོར་དང་ཁྱད་པར་བཀའ་གདམས་གླེགས་བམ་གསན། ལོ་ཆེན་རིན་པོ་ཆེས་སུ་ལ་གསན་ཞུས་པས། བདག་གིས་ཆོས་འཁོར་སྒང་པ་ཆོས་རྗེ་སེང་གེ་རྒྱལ་མཚན་པ་ལ་ཞུས། ཁོང་འབྲོམ་གྱི་སྤྲུལ་པར་བྱེད་པ་གདའ།

        དེ་དུས་ཁོང་གི་གསུང་ནས། གླེགས་བམ་རིན་པོ་ཆེ་ནས་འབྱུང་བ་ལྟར་ད་སྟེ་ཡུན་མི་རིང་བར་ཁྱེད་རང་གི་ཡུལ་ཕྱོགས་སུ་བསྟན་འཛིན་གྱི་དགེ་སློང་བགྲེས་པོ་གཅིག འབྲོམ་གྱི་རྣམ་ཐར་ཞུ་ཟེར་འོང་གིས། དེ་དུས་དགེ་སློང་དེ་ལ་འབྲོམ་གྱི་འདུ་ཤེས་ཞོག ཁྱེད་རང་སྤྱན་རས་གཟིགས་སུ་སྒོམས་ལ་གླེགས་བམ་རིམ་པོ་ཆེ་ལེགས་པར་སྟོན་ཅིག་གསུང་གི་འདུག་པ་དང་མཐུན་པར་བསྟན། ཁོ་བོ་སྐལ་བ་བཟང་། གླེགས་བམ་རིན་པོ་ཆེ་འདི་འབྲོམ་ལ་ཐོས་ནས་འབྲོམ་ལ་འཆད་པར་འདུག་པས། ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུངས། དེ་ནས་མཁས་གྲུབ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་ནང་རྟེན་ཐུབ་ཆེན་བཞེངས་པའི་སྟ་གོན་མཛད་ནས་མེ་མོ་ཡོས་ཀྱི་དབྱར་སོས་ནས་དབུ་བཙུགས་པ་འབྲུག་ལོ་ཟླ་བ་གསུམ་པ་ཡན་ལ་རྫོགས་པར་གྲུབ་པོ། །

                                                                    རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།