རྗེའི་རྣམ་ཐར་ཆེན་མོ་ལས་སེ་རར་བཞུགས་པའི་རྟེན་གྱི་རིམ་པ་བརྗོད་པའི་སྐབས་དང་བོ།
བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ཀྱིས་ཀྱང་རྒྱལ་པོའི་བླ་མར་གྱུར་ཏེ། བསྟན་འགྲོའི་དོན་རྒྱ་ཆེར་མཛད་དོ། །ད་ནི་གོང་གི་འཕྲོ་བརྗོད་པར་བྱ་སྟེ། སེ་རའི་ཁྲིར་དར་རྒྱས་བཟང་པོའི་རྗེས་སུ་གུང་རུ་རྒྱལ་མཚན་བཟང་པོ་བཞུགས། དེའི་དུས་སུ་གླིང་སྟོད་གླིང་སྨད་འབྲོམ་ཏིང་རྒྱག་ཚར་སྟེ་གྲྭ་ཚང་བཞི་ཆགས་སོ། །དེའི་རྗེས་སུ་སེ་ར་བྱེས་པ་ཞེས་པའི་གྲྭ་ཚང་ཆགས། དུས་ཕྱིས་རྒྱ་དང་འབྲོམ་ཏིང་གཉིས་སྟོད་པར་དྲིལ་ལོ། །
བྱེས་པ་གྲྭ་ཚང་ཚུགས་པ་པོ་ནི། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ཡིན་ལ། ལ་སྟོད་བྱང་གི་ཡུལ་དུ་སྔགས་རྙིང་མའི་གྲུབ་ཐོབ་ཀྱི་བརྒྱུད་དུ་འཁྲུངས། དབུས་སུ་ཕེབས། རྗེ་རིན་པོ་ཆེའི་ཞབས་ལ་ཐུག དང་པོ་མཇལ་མ་ཐག་རྗེ་རིན་པོ་ཆེས་ཕྱག་དབང་གནང་བའི་ཕྱག་རྗེས་དབུ་རུས་ལ་གསལ་བར་བྱོན། སྔ་ཕྱིར་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྩ་བའི་ཡོངས་འཛིན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་། འཇམ་དབྱངས་ཆོས་རྗེ་གཉིས་ལ་བརྟེན་ནས་གཞུང་ལུགས་རིག་གནས་ཐམས་ཅད་དང་ཁྱད་པར་དབུ་ཚད་ལ་མཁས་པའི་མཐར་ཕྱིན་པར་གྱུར། འབྲས་སྤུངས་ཟུར་ཁང་དུ་བཞུགས་ནས་འཆད་ཉན་འཕེལ་སྐབས་སུ། འགྲན་ཟླར་འདུག་པ་འགའ་ཞིག་གིས་ཐུགས་སུན་ནས། འཇམ་དབྱངས་ཆོས་རྗེའི་ཡོན་ཏན་དྲན་པའི་བསྟོད་པ་གསུང་བཞིན་དུ་སེ་རར་ཕེབས་པས། ཉིད་ཀྱི་རྗེས་སུ་མཁས་པ་བརྒྱ་ཕྲག་ལྷག་ཙམ་འབྲངས་པར་སེ་རའི་མཁན་སློབ་ཀུན་གྱིས་གུས་འདུད་མཛད་ཅིང་། གཡས་གྲལ་མགོར་གདན་དྲངས་པའི་ཚེ་གནས་བཅུ་ལྷ་ཁང་གི་འཕགས་པ་ཡན་ལག་འབྱུང་བཞུགས་ཁང་བྲག་རི་ནས་མདུན་དུ་སྐུ་སྟོད་བཏུད་ཅིང་ཕྱག་གཉིས་ཐལ་མོ་བཀན་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། །ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། །ཞེས་གསུང་ཞིང་། ཁོང་དཔོན་སློབ་རྣམས་གཡས་གྲལ་དུ་བཞུགས་པའི་རྒྱུན་ད་ལྟའི་བར་གནས་པ་ཡིན་ཞེས་པ་ངག་རྒྱུན་དང་ཡི་གེར་ཡང་སྣང་། དེ་ནས་ཀུན་མཁྱེན་པ་ཉིད་ཀྱི་རྗེས་སུ་འབྲངས་པ་རྣམས་དང་། སེ་ར་ནས་རྒྱ་དང་འབྲོམ་སྟོད། སྟོད་པ་ཕལ་ཆེར་དང་། ཕྱོགས་ནས་ཆོས་ཉན་པ་མང་དུ་འདུས་པ་ལ་དབུ་ཕར་ཚད་མ་སོགས་བཤད་པས་བྱེས་མཁས་མང་གྲྭ་ཚང་དུ་གྲགས་སོ།།
སྔགས་པ་གྲྭ་ཚང་ནི། རྒྱལ་པོ་ལྷ་བཟང་གི་སྐུ་རིམ་གྲྭ་ཚང་ཡིན་ལ། སེ་རའི་འདུ་ཁང་རྙིང་པ་ཆུང་བར་འདུག་པས་འདུ་ཁང་ཆེན་མོ་གསར་དུ་བཞེངས་ཏེ་དགེ་འདུན་མང་པོ་དེར་འཚོགས་སུ་བཅུག རྙིངས་པར་སྔགས་པ་གྲྭ་ཚང་བཙུགས་པ་ཡིན་ནོ།།
སེ་རར་བཞུགས་པའི་རྟེན་གྱི་རིམ་པ་ནི། འདུ་ཁང་རྙིང་བའི་སྦུག་ཏུ། ཐུབ་པ་བདུད་འདུལ་གཙོ་བོར་བྱས་པའི་འཕགས་པའི་གནས་བརྟན་བཅུ་དྲུག དགེ་བསྙེན་ཧྭ་ཤང་རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་འདི་ནི། བྱམས་ཆེན་ཆོས་ཀྱི་རྗེ་ཤཱཀྱ་ཡེ་ཤེས་ཞེས་མཁྱེན་པ་དང་བརྩེ་བའི་བདག་ཉིད་ཅན་དེ་ཉིད་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུ་ཚབ་ཏུ་རྒྱ་ནག་རྒྱལ་པོ་ཏཱ་མིང་གི་ཏི་ཤཱིར་ཕེབས་ཏེ། འགྲོ་དོན་རྒྱ་ཆེར་མཛད་ནས་ཙན་དན་དཀར་པོ་ལས་བཞེངས་པའི་གནས་བཅུ་གདན་དྲངས་པ་རྣམས་ནང་བཞུགས་སུ་མཛད་ནས་སྤྲུལ་སྐུ་སླེ་ཆུང་བས་བཞེངས་པ། འདིའི་ནང་ནས་འཕགས་པ་ཡན་ལག་འབྱུང་འདི་ཀུན་མཁྱེན་པ་སེ་རར་ཐོག་མར་ཕེབས་པའི་ཚེ། ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་བཙུགས་པ་ལེགས། ཞེས་གསུང་བྱོན་ཞིང་། དེང་སང་ཡང་ཕྱག་གཉིས་ཕྱག་ཕེབས་ཞུ་བའི་ཚུལ་དུ་ཡོད་ལ། དགེ་བསྙེན་དྷརྨ་ཏ་ལ་འདི་ཡང་ཕུག་པ་འདི་ཅུང་ཟད་དོག་འདུག་གསུངས་ནས་ཕུག་པའི་ནང་ནས་ཅུང་ཟད་ཙམ་བདུན་དུ་བྱོན་པ་ཡིན་ལ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རིན་སྤུངས་པ་དོན་ཡོད་རྡོ་རྗེ་མཆོད་ཡོན་གྲོས་མཐུན་གྱིས་སེ་འབྲས་གཉིས་ཀྱི་ཁ་གནོན་དུ་ལྷ་སའི་ཤར་ཕྱོགས་སུ་ཀརྨ་དགོན་གསར་བཏབ།
དགེ་ལུགས་པའི་སྦྱིན་བདག་གཙོ་བོ་སྣེའུ་རྫོང་བ་ཡུལ་བཏོན་སྐབས། ཀརྨ་སྒར་པས་གསེར་གསོལ་ལ་སྙད་བཏགས་ནས། ནང་རྟེན་ཙནྡན་གྱི་སྐུ་རྣམས་གདན་འདྲེན་རྩིས་ཀྱིས་གསེར་གསོལ་བ་མ་བཞེས་པར། གསེར་འཐེན་པའི་ཤུལ་རྣམས་སྣག་ཚའི་རི་མོ་ལྟར་སོང་ཞིང་། ནང་རྟེན་འདོན་པའི་ཐོག་མར། མ་ཕམ་པའི་ཐུགས་ཀར་གྲི་བཙུགས་པས། མ་ཕམ་པའི་ཞལ་ནས་ངེད་རྣམས་འདིར་བཞག་པ་འགྲོ་དོན་ཆེ་གསུང་མ་ཐག་དེ་རྣམས་དཔའ་ཞུམ་སྟེ་རྟེན་རྣམས་ལ་གནོད་པར་མ་ནུས། མ་ཕམ་པ་འདིའི་ཐུགས་ཀར་དྲོད་རྟ་རྔ་ཙམ་ཡོད། བསམ་སྦྱོར་ངན་པ་བྱས་པའི་བླ་དཔོན་འཁོར་བཅས་མི་རིང་བར་ན་ཤི་རྒུད་པས་ཟད་ནས་བརྩིགས་པའི་ལྷ་ཁང་ཡང་བདག་པོ་མེད་པར་གྱུར་ཏེ་རང་ཞིག་ཏུ་སོང་ངོ་། །
མགོན་ཁང་དུ། བྱམས་ཆེན་ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་ཁུར་བཞེས་ཏེ། ཞ་ལུ་ལྕོག་ཆུང་བ་ལེགས་པ་རྒྱལ་མཚན་གྱི་ཕྱག་བཟོ་འབའ་ཞིག་ལས་གྲུབ་པ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་ཞལ་ཕྱག་ཡོངས་རྫོགས། སྐུ་རྒྱུ་འཇིམ་པ་མཐེབ་སྐྱུ་རེ་ལ་ཡ་མ་རཱ་ཛཱ་སྟོང་ཕྲག་རེ་དང་། རྩ་ཞལ་ལ་ཁྲི་ཕྲག་རེ་སོང་ངེས་ཡེ་ཤེས་པ་དངོས་སུ་བཞུགས་པ་རྔམ་བརྗིད་ཅན། གཙོ་བོའི་གཡས་སུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། མདུན་དུ་བཀའ་སྡོད་ཀྵེ་ཏྲ་པཱ་ལ། འདིའི་ཐད་ཀྱི་ལྡེབས་བྲིས་ལ་མགོན་པོ་བེད་དམར་གྱི་སྐུ། སྔར་གཙང་པའི་དམག་གིས་དགོན་གནས་འདིར་གནོད་པ་ཆེན་པོ་བྱས་པའི་ཚེ་ཞལ་དང་སྤྱན་ནས་ཁྲག་གཟགས་པ། གཙོ་བོའི་གཡོན་དུ་གུར་གྱི་མགོན་པོ། དེའི་གཡོན་དུ་གུང་རུ་རྒྱལ་མཚན་བཟང་པོའི་ཐུགས་དམ་རྟེན་ལས་ཀྱི་གཤིན་རྗེ་ཆུང་བ། འདི་ནི་རྒྱལ་བ་དགེ་འདུན་རྒྱ་མཚོས་མཁན་པོ་མཛད་སྐབས་སྡེ་འཁྲུགས་ཆེན་པོ་ཞིག་བྱུང་བས། དེ་དུས་དམ་ཅན་ཆོས་རྒྱལ་ལ་མཆོད་གཏོར་ཕུལ་ནས་འཕྲིན་བཅོལ་མཛད་པས། ཆོས་རྒྱལ་གྱི་སྐུ་འདིས་གར་མཛད་ཅིང་ཞལ་མང་ཕྱག་མང་འཇིགས་སུ་རུང་བ་ཞིག་ཏུ་སོང་ནས་ལས་མཛད་པ་མངོན་སུམ་དུ་གཟིགས་ཤིང་། སང་ནས་སྡེ་འཁྲུགས་དེ་རང་སར་ཞི་བས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན། ནུབ་ཏུ་ཡེ་ཤེས་མགོན་པོ་ཕྱག་བཞི་པ། དེའི་སྐུ་རྒྱབ་ཏུ་ལྡེབས་བྲིས་ལ་བྱ་རོག་གདོང་ཅན་ཞལ་སྒོ་ནས་ཁྲག་རྒྱུན་འཛག་པ། ཤར་དུ་གཤིན་རྗེ་ཆོས་རྒྱལ་ཡབ་ཡུམ། ལྷོར་ལྷ་མོ་འདོད་ཁམས་དབང་ཕྱུག་མ་འདིས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོར་གསུང་བྱོན་ནས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པ་ཡིན། ཤར་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དངོས་གྲུབ་སྩོལ་བའི་ཚུལ་དུ་བཞུགས་སོ། །
འདུ་ཁང་གི་ནུབ་ངོས་ཀྱི་སྦུག་གི་གྲྭར། བྱམས་ཆེན་ཆོས་རྗེའི་སྨན་སྐུ། མཚུངས་མེད་ཆོས་ཀྱི་རྗེ་རྒྱལ་མཚན་བཟང་པོའི་སྐུ། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་སྐུ་བརྙན། མཆོད་རྟེན་བཀྲ་ཤིས་སྒོ་མང་ནང་བཞུགས་སུ་དགེ་འདུན་འདུ་བའི་འཁོར་ལོ་ཡོད་པ་དང་། རྡོ་རྗེ་རྣལ་འབྱོར་མའི་སྐུ་བརྙན་རྣམས་བཞུགས།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn