རྗེའི་རྣམ་ཐར་ཆེན་མོ་ལས་བྱམས་ཆེན་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པའི་སྐབས་དང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-05 21:53:55     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བྱམས་པ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད། །ཐུགས་རྗེ་ཆེན་པོས་འཇིགས་པ་ཀུན་ལས་སྐྱོབས། །ཡོན་ཏན་ཆེན་པོས་བཤེས་གཉེན་མཆོག་གྱུར་པ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །སེ་ར་ཐེག་ཆེན་གླིང་ཆགས་འདེབས་པ་པོ་ནི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཡིན་ལ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཤར་ཕྱོགས་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ཞེས་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོ་དེའི་གདན་ས་ཚལ་གུང་ཐང་གི་ཞོལ་དུ། རབ་བྱུང་དྲུག་པའི་ཉེར་བརྒྱད་པ་ཤིང་རྟ་ལོར་འཁྲུངས། ཆུང་དུས་ནས་སྒོ་གསུམ་ཞི་དུལ་ལ་ངང་གིས་གནས་པ། འགྲོ་བ་ཉམ་ཐག་པ་ལ་བརྩེ་བ། དཀོན་མཆོག་ལ་དད་པ་སོགས་བྱིས་པ་ཕལ་བ་དག་ལས་ཁྱད་པར་དུ་འཕགས་པ་ཞིག་གོ །སྔོན་གནས་རྗེས་དྲན་གྱི་གསུང་ཡང་མང་དུ་བྱོན་འདུག འདི་རྗེ་རིན་པོ་ཆེ་ལས་ལོ་གསུམ་གྱིས་རྒན། རབ་ཏུ་བྱུང་བའི་མཚན་ཤཱཀྱ་ཡེ་ཤེས་ཞེས་གསོལ། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་འཛིན་སྐྱོར་སོགས་ལ་འབད། དུས་ཕྱིས་རྗེ་རིན་པོ་ཆེའི་གསོལ་བ་འདྲེན་མཁན་མཛད་ནས་ལོ་མང་པོར་ཉེ་བར་བཞུགས་པ་ཡིན་ཞིང་། དད་གུས་ཆེན་པོས་ཅི་གསུང་བཀའ་བཞིན་དུ་བསྒྲུབས། མདོ་སྔགས་ཀྱི་ཆོས་དང་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད། བྱམས་སྙིང་རྗེ་དང་བསྐྱེད་རྫོགས་ཀྱི་རྟོགས་པ་ཤིན་ཏུ་མཐོ་བ་ཡིན་ནོ། །

        དེའི་སྐབས་སུ་རྗེ་རིན་པོ་ཆེའི་སྙན་པའི་གྲགས་པ་རྒྱ་ནག་ཏཱ་མིང་ཡུང་ལཱོ་རྒྱལ་པོས་གསན་ནས་སྤྱན་དྲངས་ཀྱང་མ་ཕེབས་པས། སླར་ཡང་བང་བྱིན་པ་མངགས་ཏེ་རྗེ་ཉིད་དང་ཁྱད་པར་མེད་པའི་སློབ་མ་ཞིག་དབུ་བླར་དགོས་ཚུལ་གནང་བས། རྗེ་བཙུན་ཐམས་ཅད་མཁྱེན་པས་སྲས་ཀྱི་ཐུ་བོ་མཁས་པ་དང་གྲུབ་པ་མང་དུ་ཡོད་པའི་ནང་ནས་དམ་པ་འདི་ཉིད་སྐུ་ཚབ་ཏུ་ཕེབས་དགོས་པའི་བཀའ་དང་། འགྲོ་དོན་ཇི་ལྟར་བྱ་ཚུལ་གྱི་བསླབ་སྟོན་ཞིབ་པར་སྩལ་ཞིང་། བཀའ་སྲུངས་རྣམས་ཀྱི་ནང་ནས་རྒྱལ་ཆེན་རྣམ་ཐོས་སྲས་ལ་འཕྲིན་ལས་སྒྲུབ་པའི་གཉེར་གཏད་མཛད་པས་རྒྱལ་ཆེན་གྱིས་ཀྱང་དངོས་སུ་ཞལ་གྱིས་བཞེས། དེ་ནས་བྱམས་ཆེན་ཆོས་རྗེ་སློབ་མ་རྣམས་དང་རྒྱ་དཔོན་བཅས་པེ་ཅིན་དུ་ཆིབས་བསྒྱུར་མཛད། ལོ་འདི་ནི་རྗེའི་དགུང་ལོ་ང་བརྒྱད། བྱམས་ཆེན་ཆོས་རྗེའི་དགུང་ལོ་རེ་གཅིག་པ། ཡུང་ལཱོའི་ལོ་བཅུ་གཉིས་པ་རབ་བྱུང་བདུན་པའི་ཤིང་ཕོ་རྟ་ལོ་ཡིན།

        དེ་ནས་རིམ་གྱིས་ལི་ཐང་བརྒྱུད་དེ་ཐེན་དུ་ཧུ་ཞེས་པའི་མཁར་དུ་སླེབས་པའི་ཚེ་བསུ་བའི་ཕོ་ཉ་འབྱོར། དེར་རྒྱལ་པོས་གནང་བའི་ཡི་གེ་ལ། བླ་མ་ཤཱཀྱ་ཡེ་ཤེས་ཁྱོད་རྟོགས་པའི་ཡོན་ཏན་མངོན་པར་མཐོ་བ། ཤེས་རབ་མྱུར་ཞིང་གསལ་བ། སྨོན་ལམ་གྱི་ནུས་མཐུ་ཟབ་པ། དེ་བཞིན་གཤེགས་པའི་ཆོས་ཚུལ་ལ་གནས་པ། འཇམ་པོའི་ཐབས་ཀྱིས་འགྲོ་བ་འདུལ་བ། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་པས། ཐཱ་ཀྱིན་ཧུ་ཞེན་སོགས་བཏང་ནས་རྒྱལ་སྲིད་ཀྱི་ལུང་གིས་གདན་དྲངས་པར། བླ་མ་ཁྱོད་ལམ་ཐག་རིང་པོ་ནས་ཉི་རླུང་ཚ་གྲང་གང་ལ་ཡང་མ་འཛེམ་པར་དཔག་ཚད་ཁྲི་ཕྲག་མང་པོའི་ས་ཆ་བརྒྱུད་ནས་ཕྱོགས་འདིར་བྱོན་པ་ལ་ངེད་ཤིན་ཏུ་དགའ། ད་ལྟ་རྟེན་འབྲེལ་བཟང་པོ་བསྒྲིག་པའི་ཕྱིར་བསུ་མཁན་འབད་ནས་བཏང་བ་ཡིན། འདི་ནི་ངའི་སེམས་དགའ་བའི་རྟགས་ཡིན། ཡང་ཁྱོད་ལ། ཞྭ་ལྷམ་འབོབ་སོགས་ཚང་མ་སྤྲིངས། དེའི་གྲངས་ནི། ཧར་མིང་ཀྱན་གྱི་ཕྱི་ཤ་ཅན་གསེར་རིས་ཅན་གྱི་གོས་དམར་སེར་གྱིས་ནང་ཤ་བྱས་པའི་པཎ་ཞྭ་གཅིག ཆོས་གོས་རྣམ་གསུམ། བཞུགས་གདན། པགས་པའི་ནང་ཤ་ཅན་གྱི་ཐུལ་བ་དམར་པོ་གཅིག ཕུ་ཐུང་ཅན་གྱི་གོས་གཅིག རིང་འགག་གཅིག ཤམ་ཐབས་གཅིག ལྷམ་འབོབ་གཅིག་བཅས། ཡུང་ལཱོའི་ལོ་བཅུ་གཉིས་པ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ། ཞེས་པའོ། །

        དེ་ནས་ཟླ་བ་བཅུ་གཉིས་པར་པེ་ཅིན་དུ་སླེབས་ནས། ཏཱ་ཤིན་དཱིའན་ཞེས་པའི་ཕོ་བྲང་དུ་རྒྱལ་པོ་ལ་མཇལ་འཕྲད་མཛད་པར། རྒྱལ་པོ་ཆེན་པོ་ཐུགས་དགྱེས་པས་བཀུར་སྡི་སྟོན་མོ་གནང་ནས། བཀའ་ཕབ་པ། བླ་མ་ཁྱོད་བོད་ཀྱི་ཡུལ་ནས་སྤྱན་དྲངས་པའི་དགོས་པ་ནི། སྤྱིར་འགྲོ་བ་མཐའ་དག་བདེ་ཞིང་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཆར་ཆུ་དུས་སུ་འབབ་པ། འབྲུ་དང་ལོ་ཏོག་དུས་སུ་སྨིན་པ། སྐྱེ་བོ་ཀུན་ལ་ནད་རིམས་མི་འབྱུང་བ། དུས་མིན་འཆི་བ་མི་འབྱུང་བ། བཀྲ་ཤིས་བདེ་ལེགས་འབྱུང་བ་སོགས་ཀྱི་ཕྱིར་དུ་སྤྱན་དྲངས་པ་ཡིན་ལ། ད་ལྟ་ཧེ་ཡིན་ཟེའི་ལྷ་ཁང་དུ་བཞུགས་ནས་ལྷའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་དགོས་ཞེས་བཀའ་ཕབ། དེ་ནས་བྱམས་ཆེན་ཆོས་རྗེ་ཧེ་ཡིན་ཟེར་ཕེབས།

        ཤིང་ལུག་ལོའི་ཟླ་བ་གཉིས་པའི་ཚེས་དགུ་ནས་མགོ་བརྩམས་ཏེ་ཟླ་བ་གསུམ་གྱི་བར་གསང་བདེ་འཇིགས་གསུམ། ཕྱག་རྡོར་འཁོར་ཆེན། སྨན་བླ་རྣམས་ཀྱི་སྒྲུབ་མཆོད་རྒྱས་པར་མཛད་པས། ནམ་མཁའ་ནས་རོལ་མོའི་སྒྲ་གྲག་པ། རྒྱན་སྣ་ཚོགས་པའི་དབྱིབས་ཅན་གྱི་འཇའ་ཚོན་འཆར་བ། མེ་ཏོག་གི་ཆར་འབབ་པ་བྱུང་བ་རྣམས་འགྲོ་བ་ཐམས་ཅད་ཀྱིས་དངོས་སུ་མཐོང་ནས་ཤིན་ཏུ་དད་ཅིང་ངོ་མཚར་བར་གྱུར། རྒྱལ་པོའི་རྨི་ལམ་དུ་ལྷ་ཁང་དེའི་སྟེང་གི་ནམ་མཁའ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་བྱོན་ནས་བཞུགས་འདུག་པ་ལན་འགའ་རྨིས། བྱམས་ཆེན་ཆོས་རྗེས་དཀྱིལ་འཁོར་ཀྱི་ལྷ་རྣམས་མངོན་སུམ་དུ་གཟིགས། ཡང་ཆོས་རྗེས་རྫུ་འཕྲུལ་གྱིས་ཁ་བ་ཆེན་པོ་ཕབ་པས་ལོ་ཏོག་དང་ཚོད་མའི་རིགས་རྣམས་ཆེས་ཆེར་རྒྱས་པར་གྱུར། སྐབས་ཤིག་གོང་མ་སྐུ་བརྙུན་ནས་མ་བདེ་བར་གྱུར་པ་ལ་བཅོས་ཐབས་དང་རྗེས་གནང་མཛད་པས་འཕྲད་དུ་བདེ་བར་གྱུར།

        དེ་ནས་རྒྱལ་པོས། བྱམས་ཆེན་ཆོས་རྗེ་ལ་གཟེངས་བསྟོད་ཀྱི་མཚན་དང་། གསེར་གྱི་ཐམ་ཀ་བཅས་བསྩལ། དེའི་ཚེ་ཕུལ་བའི་མཚན་ནི། ཐམས་ཅད་མཁྱེན་པའི་བློ་གསལ་བ། འགྲོ་ཀུན་སྐྱོབ་པའི་བྱམས་པ་ཆེ་བ། རྒྱལ་ཁམས་མཐའ་དག་བདེ་ལ་འགོད་པ། ཀུན་གྱི་སྤྱི་བོར་དབང་བསྐུར་བ། ནུབ་ཕྱོགས་སངས་རྒྱས་ཀྱི་སྲས། ཆབ་སྲིད་བདེ་ཞིང་བསྟན་པ་གནས་པར་བྱེད་པའི་བླ་མ་ཆེན་པོ། ཏཱ་གུ་ཤཱི་བྱམས་ཆེན་ཆོས་རྗེ། ཞེས་པའོ། །

        དེ་རྗེས། རྒྱལ་པོ་ལ་ཚེ་དབང་དང་། བདེ་མཆོག་གི་དབང་ཕུལ། དེ་ཡང་རྒྱལ་པོའི་དབུ་ཐོག་ཏུ་བུམ་པ་འཇོག་པ་ན། བུམ་པའི་ནང་ནས་བདུད་རྩི་ལུད་པ་དང་། ཚེ་རིལ་ལས་འོད་ཟེར་འཕྲོ་བ་སོགས་ཀྱི་ལྟས་བཟང་མང་དུ་བྱུང་། རྒྱལ་པོ་སྙིང་ནས་དད་པས་བསྙེན་བཀུར་རྒྱ་ཆེར་མཛད་དོ། །དེ་ནས་རྒྱལ་པོ་ལ་ཞུས་ནས་རི་བོ་རྩེ་ལྔར་ཕེབས། འཇམ་དབྱངས་སྐུ་མདོག་དམར་སེར་སེང་ཆིབས་ཀྱི་ཞལ་གཟིགས། རྩེ་ལྔའི་གནས་རྣམས་སུ་བྱོན་པར་འཇམ་པའི་དབྱངས། ཇོ་བོ་རྗེ། འབྲོམ་སྟོན་པ། འཕགས་པ་བླ་མ་རྣམས་གཟིགས་ཤིང་། ཞབས་ཕྱི་རྣམས་ཀྱིས་ཤིན་ཏུ་མཛེས་པའི་འཇའ་འོད་མཐོང་། དེའི་ཚེ་ཕྱོགས་ཕྱོགས་ནས་འོངས་པའི་སྐྱ་སེར་མང་པོ་ལ་སྡོམ་པ་འབོགས་པ་དང་། དབང་རྗེས་གནང་ལུང་སོགས་ཀྱི་ཆོས་མང་དུ་བསྩལ། རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཕྱིར་རྡོ་རྗེ་ཕུར་བུའི་སྒྲུབ་པ་མཛད་པས་ཕུར་བུ་ནམ་མཁར་འཕགས་ཏེ་གནས་པ་སོགས་ཀྱི་རྟགས་བྱུང་། ཡང་རྡོ་སྔོན་པོ་ཅིག་ཟན་གྱི་ཆང་བུ་ལྟར་བཅངས་ནས་ཕྱག་རྟགས་གནང་། པེ་ཅིན་དུ་ཕེབས་ནས་ཆོས་མང་དུ་བསྩལ།

                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།