རྗེའི་རྣམ་ཐར་ཆེན་མོ་ལས་འབྲས་སྤུངས་ཀྱི་རྟེན་གྱི་གྲངས་རགས་ཙམ་བརྗོད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-05 21:42:39     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བཀའ་འགྱུར་ལྷ་ཁང་དུ། གོང་ས་ལྔ་པ་ཆེན་པོས་བཀའ་གནང་བ་ལྟར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས། མཐིང་ཤོག་ལ་གསེར་བཙོ་མ་འབའ་ཞིག་གིས་བཞེངས་ཤིང་། ཙན་དན་གྱི་གླེགས་ཤིང་གདོང་བརྐོས་བ་སོ་ལ་པ་ཏྲ་རིས་དང་། ཆོས་ཐག་ཆོས་ཆབ་སོགས་རྒྱུ་དང་བཀོད་པས་མཛེས་པ། རབ་གནས་ལྔ་པ་ཆེན་པོས་གནང་བ་བཀའ་འགྱུར་འཛམ་གླིང་གཡས་བཞག་ཏུ་གྲགས་པ་བཞུགས། བསྐལ་བཟང་ལྷ་ཁང་དུ། སངས་རྒྱས་སྟོང་གི་སྐུ་བརྙན་ཛྱཻཀྵིཾ་རྫུས་པ་སྐུ་ཤ་གྲང་གསེར་གསོལ་བ། ལྔ་པ་ཆེན་པོས་རབ་གནས་མཛད་པ་བཞུགས་སོ། །

        སྔགས་ཁང་དུ། རྗེ་རིན་པོ་ཆེས་བྱིན་གྱིས་བརླབས་ནས་བཞེངས་པའི་རྡོ་རྗེ་འཇིགས་བྱེད་ཆོས་རྒྱལ་སོགས་བཞུགས་ལ། འཇིགས་བྱེད་འདིའི་སྐུ་སྟོད་རང་བྱོན་ཡིན་ཞིང་། འདི་ཉིད་ས་གཞི་དང་རྩིག་པ་ཀ་བ་སོགས་གང་ལ་ཡང་མ་རེག་པར་བར་སྣང་དུ་བཞུགས་ངེས་པ་ཡིན་ལ། གཡོན་ངོས་ཀྱི་བཀའ་སྡོད་ལས་ཀྱི་གཤིན་རྗེ་འདི་ཡང་སྐུ་རྒྱུ་སོགས་འཇིགས་བྱེད་དང་ཁྱད་པར་མེད་ཅིང་། དང་པོར་ཞལ་ལྷོར་གཟིགས་པ་གཙང་བའི་དམག་དན་འབག་ཏུ་ལྷགས་པའི་ཚེ་དགོན་གཉེར་གྱིས་ཅུང་ཟད་བསྐུལ་བས། ད་ལྟ་བཞུགས་ས་བར་དུ་བྱོན་པ་ཕྱིས་ལྕགས་ཐག་གིས་བཏགས་པར་གྲགས་ལ། མགོན་པོ་ཕྱག་དྲུག་པ་དང་། ཀྵེ་ཏྲ་པཱ་ལ་འདི་ཡང་བླ་མ་དབུ་མ་པས་བཞེངས་ཤིང་རབ་གནས་མཛད་པ་ཡིན་ལ། འདི་རྣམས་ལ་རྗེ་རིན་པོ་ཆེས་རབ་གནས་མཛད་པའི་ཚེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་། ཞལ་གཅིག་ཕྱག་གཉིས་པ་སོགས་ཉི་ཟེར་གྱི་གྲངས་ལྟར་མང་བ་ཕེབས་ནས་རྟེན་ལ་ཐིམ་པ་དེར་བཞུགས་པ་ཀུན་གྱིས་མངོན་སུམ་དུ་གྱུར་པ་ལགས་སོ། །དམག་འཁྲུག་གི་ཚེ་ཏེལ་བའི་ཁ་ནས་ཁྲག་འཛག་པ་དང་། མགོན་པོ་སོགས་ཀྱི་རབ་གནས་ཀྱི་ཚེ་སྒྲ་དྲག་པོ་དང་བཅས་ལྷ་མང་པོ་དངོས་སུ་ཐིམ། འཇིགས་བྱེད་ཀྱི་གཡས་ཕྱོགས་སུ་བཞུགས་པའི་རྗེའི་སྐུ་འདི་ནི་རྗེ་ཉིད་ཀྱིས་ཕྱག་བཟོ་མཛད་པ་ཡིན། སྟེང་གི་བློས་བསླང་འདི་དག་ཀྱང་རྗེ་རིན་པོ་ཆེའི་ཕྱག་ལེན་ལྟར་སྣེའུ་ནས་སྦྱིན་བདག་མཛད་དེ་ཙན་དན་དཀར་དམར་ལས་བཞེངས་ཤིང་། སྤྲུལ་པའི་བཟོ་བོ་སླེའུ་ཆུང་བའི་ཕྱག་བཟོ་དཔལ་རྡོ་རྗེ་འཇིགས་བྱེད་འདི་ཡང་གསུང་བྱོན་མ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །

        ཆོས་སྡེ་འདི་ཡི་ནང་རྟེན་གྱི་གཙོ་བོ་ནི། སྔོན་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་བོ་མ་དྲོས་པས་ཕུལ་བའི་དུང་དཀར་འདི་ཡིན་ལ། འདི་ནི་བཅོམ་ལྡན་འདས་ཀྱིས་མོའུ་གལ་གྱི་བུ་ལ་གནང་སྟེ། འདི་ཁྱོད་ཀྱིས་འགོག་པ་རིར་གཏེར་དུ་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་འདིའི་ཚོགས་དུང་དུ་འགྱུར་རོ། །གཏེར་བདག་སྤྲེའུས་བྱེད་དོ་ཞེས་ལང་གཤེགས་ལས་ལུང་བསྟན་པའི་དུས་ལ་བབས་པ་ན། རྗེ་རིན་པོ་ཆེས་འགོག་པ་རི་ནས་གཏེར་ནས་བཞེས། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་གནང་སྟེ། དགོན་མ་ལས་བུ་དགའ་བ་འོང་བར་ལུང་བསྟན་པའི་ཆོས་དུང་ཁྱད་པར་ཅན་འདིའི་རྟེན་འབྲེལ་གྱིས་འཛམ་བུ་གླིང་གི་མཁས་གྲུབ་ཐམས་ཅད་དང་། ཆོས་དང་ལོངས་སྤྱོད་ཐམས་ཅད་འདིར་རྒྱ་མཚོ་ཆེན་པོ་ལ་ཆུ་ཀླུང་བཞིན་དུ་འདུ་བ་འདི་བྱུང་བ་ཡིན་ནོ། ། རྗེ་འདིའི་སྐུ་གོང་མ་ནི། རྒྱ་གར་དུ་གྲུབ་ཆེན་འབར་བའི་གཙོ་བོ། ནག་པོ་སྤྱོད་པ། རཏ་ན་ཆེན་པོ། ཇོ་བོའི་སློབ་མ་རོང་ཟོམ་ཆོས་བཟང་། དར་མ་དབང་ཕྱུག འོད་ཟེར་དཔལ། འབྲུག་སྒྲ་རྒྱལ་མཚན། གཉོས་རྒྱལ་བ་ལྷ་ནང་བ། སངྒ་བྷ་དྲ།

        དེ་ནས་འཇམ་དབྱངས་ཆོས་རྗེ། དེའི་སྐུ་ཚེ་ཕྱི་མ་པཎྚི་ཏ་ཆོས་ཀྱི་ཉིན་བྱེད། ཇོ་ནང་ཀུན་དགའ་གྲོལ་མཆོག དགའ་བྱེད་ས་སྐྱོང་། ཇོ་ནང་ཀུན་དགའ་སྙིང་པོ། དེ་ནས་ཧལ་ཧའི་ཡུལ་དུ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་འཁྲུངས། དེ་ནས་སྤྲུལ་སྐུ་རིམ་བྱོན་རྣམས་ཧལ་ཧའི་ཡུལ་དུ་བཞུགས་ནས་བསྟན་འགྲོའི་དོན་མཛད་བཞིན་པ་ཡིན་ནོ། །བསྟན་འཛིན་དམ་པ་རྣམས་ཀྱི་ཞབས་པད་བརྟན། དགེ་འདུན་འདུས་སྡེའི་ཆོས་སྲིད་འཕྲིན་ལས་གྲུབ། །རྒྱལ་བའི་རིང་ལུགས་ཡུན་དུ་དར་ཞིང་རྒྱས། །འགྲོ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །  

                                                                                                                  རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།