རྗེའི་རྣམ་ཐར་ཆེན་མོ་ལས་འཇམ་དབྱངས་ཆོས་རྗེས་འབྲས་སྤུངས་བཏབ་པའི་སྐོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 21:49:13     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟ་བུའི་སྐྱེས་བུ་དམ་པ་དེས་ཆོས་སྡེ་ཆེན་པོ་འདི་བཏབ་པའི་རྒྱུ་མཚན་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱིས་རྗེ་འདི་པ་ལ་རང་ལུགས་ཀྱི་མདོ་སྔགས་འཆད་ཚུལ་འདི་སྲིད་པ་ཇི་སྲིད་པར་རྒྱུན་མི་ཆད་ཅིང་། ཕྱོགས་ཐམས་ཅད་དུ་རྒྱས་པའི་ཆེད་དུ་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་དགོན་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་གསུང་ཞིང་འགོག་པ་རི་ནས་གཏེར་བཞེས་པའི་ཆོས་དུང་གནང་། སྣེའུ་དཔོན་ནམ་མཁའ་བཟང་ལ་ཆོས་སྡེའི་སྦྱིན་བདག་མཛད་དགོས་པའི་བཀའ་སྔ་ཕྱིར་ཕེབས་ཤིང་། ཆོས་རྗེ་རང་གི་མནལ་ལམ་དུ་ཡང་། ལྷ་གནམ་ལྡེ་དཀར་པོ་ཡིན་ཟེར་བ་ཞིག་གིས་དགོན་པའི་ས་ཡུལ་བསྟན་ཏེ། འདིར་ཁྱོད་ཀྱིས་དགོན་པ་ཞིག་ཐོབ། ངས་བཙུན་པ་སྟོང་ཕྲག་ལྔ་འབུལ་ཟེར། དེ་ཀའི་མོད་ལ་དན་འབག་མདའ་ནས་ཡར་བྱོན་པས། ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར་བའི་རྫིང་བུ་མང་པོ་འདུག་པ་གཟིགས་ཤིང་། ཁྱད་པར་གླང་ཆེན་རི་གདོང་དུ་རྫིང་བུ་མང་པོའི་འགྲམ་ན་རྗེ་རིན་པོ་ཆེ་བཞུགས་འདུག་པས། ཁྱོད་འདིར་དགོན་པ་ཞིག་ཐོབ། ངས་ཀྱང་ཡོན་ཏན་བསླབས་པས་འདི་ལྟར་དུ་གྱུར། ཞེས་གསུངས་ནས་ཕྱག་མཛུབ་ཀྱིས་རྫིང་བུ་དེ་བསྟན་པར་མཛད། ཆོས་རྗེ་པས། འདི་གང་གི་རྫིང་བུ་ཡིན་ཞེས་ཞུས་པ་ལ། རྗེས་ཐོས་བསམ་གྱི་རྫིང་བུ་ཡིན་པས་འཐུངས་གསུངས། དགའ་ནས་ངོམས་པར་འཐུངས་པས་ཆུ་རྣམས་སྔར་ལས་ཆེས་ཆེར་འཕེལ་བ་རྨིས།

        དེའི་སང་ཉིན་འཇམ་དབྱངས་ཆོས་རྗེས་རང་གི་ཉེ་གནས་སེང་གེ་རྡོ་རྗེ་ཞེས་པའི་སློབ་མ་ཁྲིད་ནས་བྱོན་ཏེ་རྨི་ལམ་གྱི་གནས་རྣམས་འདི་ཡིན་ཞེས་བསྟན། ཡང་ནུབ་ཅིག་གི་མནལ་ལམ་དུ་ཆུ་ཆེན་པོ་ཅིག་ལ་འགྲོ་བ་དཔག་ཏུ་མེད་པ་ཐར་མི་ནུས་པར་གདུངས་པ་གཟིགས་ནས་བརྩེ་བ་ཆེན་པོས་ཆོས་རྗེ་རང་ཉིད་ཆུའི་ཕ་རོལ་ཏུ་བྱོན་ཏེ་ཟམ་པ་ཅིག་བཞག་པས། འགྲོ་བ་མང་པོ་དེའི་སྟེང་ནས་ཐོན་པ་གཟིགས། སད་ནས་ཆོས་སྡེ་བཏབ་ན་སེམས་ཅན་ལ་ཕན་ཐོགས་པ་འབྱུང་བ་ཡིན་འདུག་བསམ་པ་ཐུགས་ལ་འཁྲུངས།

        དེ་ནས་ཐོག་མར་དགོན་པའི་ཤར་ཕྱོགས་ཀྱི་གཟིམས་སྤྱིལ་དེང་སང་བྲག་ཐོག་ཁང་ཟེར་བ་འདིར་བཞུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དེ་ནས་འདུ་ཁང་ཆེན་མོའི་རྒྱབ་ངོས་ཀྱི་སྒྲུབ་ཁང་འདི་ཉིད་དུ་བཞུགས་ནས་འདུ་ཁང་གི་སའི་གཞིར་དབུ་ཚད་དང་ཕར་ཕྱིན་འཆད་བཞིན་པ་ནས། ཉིད་ཀྱི་ལེགས་བཤད་ལ་འཁོར་བའི་ཐར་པ་དོན་གཉེར་བ་རྣམས་དང་། གཞིས་ཀ་སྣེའུ་ནས་ཐུགས་ཁུར་བཞེས་ཏེ་འདུ་ཁང་དང་། སྔགས་ཁང་རྟེན་དང་བརྟེན་པར་བཅས་པ་དང་། གྲྭ་སྤྱིལ་མང་དུ་གྲུབ། འདིར་ཐོག་མར་ས་བསླང་སྦྱང་ལྟོ་འཕྱེའི་ཐིག་ལྷ་ཁང་གི་བཀོད་པ་སོགས་རྗེ་རིན་པོ་ཆེས་མཛད། འབྲས་སྤུངས་ཐོག་མར་བཞེངས་པའི་ལོ་ནི་འཇམ་དབྱངས་ཆོས་རྗེའི་དགུང་ལོ་སོ་བརྒྱད་པ་མེ་སྤྲེལ་ལོ་ཡིན་ཞིང་། དེ་ནས་བཟུང་སྟེ་དཔལ་ལྡན་འབྲས་སྤུངས་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དེ་ནས་གཙང་ཁང་དུ་དུས་གསུམ་སངས་རྒྱས་ཉེ་བའི་སྲས་བརྒྱད་སོགས་བཞེངས།

        སྔགས་ཁང་དུ་འཇིགས་བྱེད་དཔའ་གཅིག་ཞལ་ཕྱག་ཡོངས་རྫོགས་བཞེངས་པའི་ནང་དུ་རྭ་ལོའི་སྐུ་གདུང་ཕྱག་མཛུབ་གཅིག་མ་གཏོགས་ཚང་མ་བཞུགས་སུ་གསོལ། སྐུ་རྒྱུ་འཇིམ་པའི་མཐེབ་སྐྱུ་རེ་ལ་ཡ་མ་རཱ་ཛཱ་ཁྲི་ཕྲག་སོགས་བཟླས་ཏེ་བཞེངས། ཡང་ཆོས་རྒྱལ་སོགས་ཆོས་སྐྱོང་རྣམས་ཀྱང་བཞེངས་པར་རྗེ་རིན་པོ་ཆེས་རབ་གནས་མཛད། དེའི་སྐབས་སུ་ཡོན་ཏན་ཕུལ་དུ་བྱུང་བའི་སློབ་མ་མང་དུ་བྱུང་བས་གྲྭ་ཚང་བདུན་ཆགས་ཏེ། བཀྲ་ཤིས་སྒོ་མང་། བློ་གསལ་གླིང་། བདེ་ཡངས། ཤག་བསྐོར། འདུལ་བ། རྒྱལ་བ་སྟེ་མདོ་ཕྱོགས་ཀྱི་གྲྭ་ཚང་དྲུག སྔགས་པ་གྲྭ་ཚང་བཅས་བདུན་ནོ། །དེ་རྣམས་ལ་སྣེའུ་པས་ཞབས་ཏོག་དང་། ཞིང་ས་འབུལ་བ་སོགས་རྒྱ་ཆེར་མཛད། དེ་ལྟར་འཇམ་དབྱངས་ཆོས་རྗེས་རང་ལོ་སོ་བརྒྱད་པའི་སྤྲེལ་ལོ་ནས་བདུན་བཅུ་པའི་ས་འབྲུག་ལོའི་བར་ལོ་སོ་གསུམ་གསུང་ཆོས་གནང་བས། རྗེ་རིན་པོ་ཆེའི་རིང་ལུགས་དབྱར་མཚོ་ལྟར་ཕྱོགས་ཀུན་ཏུ་རྒྱས་པར་གྱུར། ས་འབྲུག་ལོའི་དགུན་རྩེ་ཁ་པས་གདན་དྲངས་ནས་ཞག་ཤས་བཞུགས། སླར་འབྲས་སྤུངས་སུ་ཕེབས་ནས་བསླབ་བཏུས་ཀྱི་བརྩོན་འགྲུས་ལེའུའི་མཇུག་ཆོས་ཐུན་གཉིས་ཀྱིས་རྫོགས་པར་མཛད་ལ། དེ་ནི་བརྩོན་འགྲུས་མཐར་ཕྱིན་ཞེས་པའི་དོན་ཏོ། །

        རྗེས་འཇུག་རྣམས་ལའང་བརྩོན་འགྲུས་མི་ལྷོད་པར་བྱིན་གྱིས་བརླབས་པའོ། །སྐུ་ཚེ་དེ་ལ་འབྲས་སྤུངས་སུ་ཆོས་འཁོར་བསྐོར་བའི་ཐ་མར་བྱུང་སྣང་། དུས་དེ་ནས་སྐུ་ཅུང་ཟད་བསྙུང་བས་ཕེབས་བཞུད་དཀའ་བར་ཡོད་ནའང་། རིམ་པས་གཞིས་ཀར་ལོ་གསར་དང་། ལྷ་སར་སྨོན་ལམ་ཆེན་མོའི་གྲལ་དབུ་ལ་ཕེབས་ནས། ཇོ་བོ་རྣམ་གཉིས་དང་། བཅུ་གཅིག་ཞལ་སོགས་མཇལ་དུས་ད་ལན་མིན་པ་ཨེ་མཇལ་མི་ཤེས་གསུང་། ཐུགས་འདུན་དྲག་པོའི་སྒོ་ནས་སྨོན་ལམ་དཔག་ཏུ་མེད་པ་མཛད། འབྲས་སྤུངས་སུ་ཕེབས་ཞོར་པོ་ཏ་ལར་ཞག་གསུམ་བཞུགས། ནང་སོ་དང་ཡོན་མཆོད་གདན་ལ་བཞུགས་དུས་ཤིག ཆོས་རྗེའི་ཞལ་ནས། རྗེ་བཙུན་གྲགས་པའི་མངོན་རྟོགས་ལྗོན་ཤིང་དུ། །འདི་དག་སྟོན་པའི་བླ་མའི་བཀའ་དྲིན་ནི། །དྲན་པའི་ཚེ་ན་དད་པས་མཆི་མ་ལྷུང་། །ཞེས་གསུངས་ཏེ། རྗེ་རྣམ་གཉིས་ཀྱི་ཐུགས་རྒྱུད་ནི་མི་ཤེས། གསུང་རབ་ནི་རིམ་ལྔ་གསལ་སྒྲོན་ཉི་ཟླ་དང་བྲལ་བས་མཆི་མ་ལྷུང་ན་འདི་ལ་ལྷུང་རྒྱུ་ཡིན་ཏེ་ད་ལེགས་པར་འཆད་པར་དཀོན། བསྟན་པའི་འཇུག་མ་རྣམ་དག་ཅིག་འདུག་སྟེ་འཇུག་མཁན་མི་འདུག ངེད་རང་གི་ཁ་སྟབས་ནི་འདི་ལྟར་སོང་གསུངས་ནས། གསུང་འདིར་སྤྱན་ཆབ་མང་པོ་མཛད་པས། ནང་སོ་དཔོན་བློན་ཀྱང་སྤྱན་ཆབ་མང་པོ་ལྷུང་བར་སྣང་། འབྲས་སྤུངས་སུ་ཕེབས་ནས་ནང་སོ་དཔོན་བློན་དང་། གྲྭ་བུ་སློབ་རྣམས་ཀྱི་ཟླ་བ་སྤྲེལ་ནས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང་། བརྟན་བཞུགས་དགོས་པའི་ཞུ་བ་ཕུལ་བ་ཉིད་ཀྱི་ཞལ་ནས། མདང་རྗེ་རིན་པོ་ཆེ་ཕེབས་ནས་ངེད་རང་གཉིས་རྒྱ་ནག་ཏུ་འགྲོ། རི་བོ་རྩེ་ལྔར་སྒྲུབ་པ་བྱེད་གསུངས་པས། རྗེ་རིན་པོ་ཆེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གསུང་གིན་བཞུགས་ཞུས་དང་གསུངས་ནས། ཕྱག་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་གནང་བ་ཡིན་སྣང་།

        དེ་ནས་སྦྲུལ་ལོ་ཧོར་ཟླ་གཉིས་པའི་མཇུག་ལ་ནུབ་གཅིག་མནལ་ལམ་དུ། རྗེ་རིན་པོ་ཆེ་ཕེབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་དྲིལ་ཡིན་གསུང་བ་གཅིག་གནང་། ད་ཁྱོད་ངོ་གཉིས་སྡོད་གསུང་བ་ཞིག་རྨིས་པ་དྲུང་འཁོར་རྣམས་ལ་གསུངས་པས་ཁོང་རྣམས་ཟླ་བ་དང་ལོ་གང་ཡིན་མངོན་ཡང་། དོན་ལ་ཟླ་བ་ཡིན་སྣང་། དེ་ནས་མྱ་ངན་ལས་འདའ་བའི་ལྟས་བྱུང་བ་ན་གཟིམས་ཆུང་དུ་ཕེབས་ཏེ། ཞབས་གཉིས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་ནས་ཐུགས་དམ་ལ་ཐུགས་གཏད་པས། སྐུ་སྨད་ནས་དྲོད་ཡར་ལ་རིམ་གྱིས་བསྡུས་པའི་ཚེ། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་བྲིས་སྐུ་དེ་སྐུ་མདུན་དུ་སྤྱན་དྲངས། རྗེ་བཙུན་ཕེབས་ཡོད་ལགས་ཞུས་པས། སྤྱན་གྱིས་ནི་མ་གཟིགས། དབུ་དུད་པ་ཞིག་མཛད། ཅུང་ཞིག་ལོན་པ་ན། ད་མི་དགོས་པ་འདུག་སྙམ་ནས་བྲིས་སྐུ་དེ་གཡོན་ཕྱོགས་སུ་གདན་དྲངས་པས། ཇི་ལྟར་སྤྱན་གདངས་པ་ལྟར་བྲིས་སྐུ་ལ་སྤྱན་གདངས་ཏེ་ཨོག་སྐོ་སྐུ་དཔུང་གཡོན་པའི་སྟེང་དུ་བཞག་ནས་ཞག་འགའ་བཞུགས་པས་ཕལ་ཆེར་གྱིས་སྐུའི་གཟི་མདངས་ལ་དཔགས་ནས་འཁྲུལ་པའང་སྐྱེས།

        དེ་ལྟར་དགུང་ལོ་དོན་གཅིག་པའི་ས་མོ་སྦྲུལ་ལོ་དེའི་ཟླ་བ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ལ་དགའ་ལྡན་ཆོས་ཀྱི་ཕོ་བྲང་མ་ཕམ་རྒྱལ་བའི་འདུན་སར་ཐེགས་སོ། །དེའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་དཀར་པོ་དང་། ཁ་དོག་སྣ་ལྔའི་གུར་ལྕགས་སྒྲོག་ལྟར་སྦྲེལ་བ་འབྲས་སྤུངས་ནས་དགའ་ལྡན་གྱི་བར་ལ་ཤར་བ་དང་། ལྷའི་མེ་ཏོག་གི་ཆར་མང་དུ་བབས་པ་སོགས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གྱུར་ཅིང་། སྐུ་གདུང་རིན་པོ་ཆེ་ནི་ཅུང་ཟད་ཀྱང་མ་ཉམས་པར་བཤད་གྲྭ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་དངུལ་གྱི་མཆོད་རྟེན་དུ་བཞུགས་སུ་གསོལ་བ་ཡིན་ནོ།།

                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།