རྗེའི་རྣམ་ཐར་ཆེན་མོ་ལས་ཁྲི་ཐོག་སོ་དྲུག་ནས་ང་བཞི་བར་གྱི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 21:24:55     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        སོ་དྲུག་པ་བསྟན་འཛིན་ལེགས་བཤད་ནི། གསེར་ཁྲིར་ཕེབས་ཀྱང་ཡུན་རིང་མ་བཞུགས་ཤིང་། འདི་ནས་བཟུང་ཤར་བྱང་གི་བླ་མ་རེ་མོས་ཀྱིས་གསེར་ཁྲིར་བཞུགས་པ་དང་། ལོ་བདུན་གྲངས་ངེས་ཅན་དུ་གྱུར། སོ་བདུན་པ་དགེ་འདུན་རིན་ཆེན་ནི། ལོ་ལྔ་ཁྲིར་བཞུགས། སོ་བརྒྱད་པ་བསྟན་པ་རྒྱལ་མཚན་ལོ་བདུན། སོ་དགུ་པ་དཀོན་མཆོག་ཆོས་བཟང་། བཞི་བཅུ་པ་དཔལ་ལྡན་རྒྱལ་མཚན། ཞེ་གཅིག་པ་བློ་བཟང་རྒྱལ་མཚན། ཞེ་གཉིས་པ་བློ་བཟང་དོན་ཡོད། ཞེ་གསུམ་པ་བྱམས་པ་བཀྲ་ཤིས། འདིས་ཡངས་པ་ཅན་དུ་གཉྫི་ར་བཞེངས། ཞེ་བཞི་པ་བློ་གྲོས་རྒྱ་མཚོ་རྗེའི་སྤྲུལ་པར་གྲགས་པ་ནི། སྐུ་འབུམ་གྱི་ཉེ་བར་འཁྲུངས། འདིའི་སྤྲུལ་སྐུ་ནི་རྒྱལ་པོའི་བླ་མ་ཁྲི་ཆེན་བློ་བཟང་བསྟན་པའམ་ཉི་མ་སོགས་སོ། །

        ཞེ་ལྔ་པ་ཚུལ་ཁྲིམས་དར་རྒྱས་ནི། ཅོ་ནེ་པ་ཡིན་ཞིང་། རྒྱ་སོག་གི་ཡུལ་དུ་བྱོན་ནས་ཆོས་འཆད་པ་དང་ཆར་འབེབས་པ་སོགས་ཀྱིས་འགྲོ་བའི་དོན་མཛད། ཞེ་དྲུག་པ་སྦྱིན་པ་རྒྱ་མཚོ་ནི། བཀའ་འགྱུར་གྱི་ལུང་ཚང་མ་དར་བར་མཛད་པས་བཀའ་འགྱུར་པ་ཞེས་གྲགས། ཞེ་བདུན་པ་བློ་བཟང་ཆོས་འཕེལ། ཞེ་བརྒྱད་པ་དོན་གྲུབ་རྒྱ་མཚོ། ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས། ལྔ་བཅུ་པ་གུང་ཐང་པ་དགེ་འདུན་ཕུན་ཚོགས་ཀྱིས་རྗེའི་དངུལ་གདུང་གསེར་གདུང་དུ་བསྒྱུར་བ་ཡིན། ང་གཅིག་པ་ངག་དབང་དཔལ་ལྡན། ང་གཉིས་པ་ངག་དབང་ཚེ་འཕེལ། ང་གསུམ་པ་ཨ་མདོ་རྒྱལ་མཚན་སེང་གེ

        ང་བཞི་པ་ཨ་ཆི་ཐུ་ནོ་མན་ཧན་ངག་དབང་མཆོག་ལྡན། འདིས་མངའ་རིས་མཐོ་ལིང་གི་གསེར་ཁྲིར་བཞུགས་པ་དང་། རྡོ་ལ་ཞབས་རྗེས་བཞག་པ་དང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དབུ་བླར་གྱུར་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་སྟེ། འདིའི་རྣམ་ཐར་རྗེ་རོལ་བའི་རྡོ་རྗེས་མཛད་པ་ཡོད། ང་ལྔ་པ་ནམ་མཁའ་བཟང་པོ། ང་དྲུག་པ་བློ་བཟང་དྲི་མེད། ང་བདུན་པ་བསམ་གཏན་ཕུན་ཚོགས། ང་བརྒྱད་པ་ངག་དབང་ཆོས་གྲགས། ང་དགུ་པ་བློ་བཟང་བསྟན་འཛིན། དྲུག་བཅུ་པ་བློ་བཟང་བསྟན་པ། རེ་གཅིག་པ་བསྟན་པའི་གསལ་བྱེད་ཨེར་ཏེ་ནི་ནོ་མོན་ཧན་ཧུའི་ཝུའི་ཆན་ཤཱི་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ་སྟེ། ལྕགས་མོ་གླང་ལོར་ཅོ་ནེའི་སྡེར་གཏོགས་པའི་ས་ཆར་འཁྲུངས། སེ་རར་ཐུགས་གཉེར་མཛད། པེ་ཅིན་དུ་བྱོན་ནས་རྒྱལ་པོའི་བླ་མ་མཛད། བོད་ཀྱི་ཆོས་སྲིད་ཀྱི་ཐམ་ཀ་བླ་མ་དང་། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་གྱུར་པ་སོགས་བསྟན་སྲིད་ལ་ཕན་པ་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །རེ་གཉིས་པ་བློ་བཟང་སྨོན་ལམ།

         ད་ལྟ་རེ་བཞི་པ་བཞུགས་པའི་སྐབས་ཡིན་ཀྱང་ཁྲི་ཐོག་རེ་གསུམ་པ་དང་རེ་བཞི་པ་གཉིས་ཀྱི་མཚན་མ་ངེས་སོ། ། རབ་བྱུང་བཅུ་གཅིག་པའི་བཅུ་དྲུག་པ་ཆུ་རྟ་ལ་ལྕང་སྐྱ་རིན་པོ་ཆེ་བློ་བཟང་ཆོས་ལྡན་འཁྲུངས། ཉེར་གཉིས་པ་ས་བྱི་ལ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་འཁྲུངས། འདིའི་དགུང་ལོ་ཉེར་གཉིས་པ་ས་མོ་བྱ་ལོར་དགའ་ལྡན་ཁྲི་རིན་པོ་ཆེ་གུར་སྨོན་པ་རྣམ་དག་རྡོ་རྗེས་སྨོན་ལམ་གྱི་ཚོགས་དབུ་མཛད། ལྕང་སྐྱ་རིན་པོ་ཆེའི་ཞེ་གཉིས་པ་ཆུ་ཕག་ལ་ཁྲི་ཆེན་བློ་གྲོས་རྒྱ་མཚོ་ཁྲིར་ཕེབས་པར་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་གསུངས། རབ་བྱུང་བཅུ་གསུམ་པའི་མེ་བྱར་ཨེར་ཏེ་ནི་ནོ་མོན་ཧན་རིན་པོ་ཆེ་པེ་ཅིན་ནས་བོད་དུ་ཕེབས་པར་རྗེ་རོལ་པའི་རྡོ་རྗེའི་རྣམ་ཐར་དུ་གསུངས་པ་སོགས་རྣམ་ཐར་གཞན་རྣམས་དང་བསྟུན་ནས། དགའ་ལྡན་ཁྲི་བ་རྣམས་ཀྱི་ལོ་དུས་བརྩིས་ན་ལོ་ཚིགས་རྣམས་གོ་ནུས་པར་འདུག་གོ །

        འདི་ལྟར་རྗེ་རིན་པོ་ཆེའི་དམ་པའི་ཆོས་ཀྱི་ཁྲི་ལ་བཞུགས་ནས་བསྟན་འགྲོའི་དོན་མཛད་པའི་བླ་མ་རྣམས་ཀྱི་མཚན་ཙམ་བརྗོད་པ་ཡིན་ལ། སྤྱིར་རྗེ་རིན་པོ་ཆེའི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་སྐྱེས་བུ་དམ་པ་རྣམས་དང་། གཞུང་ལུགས་ལ་སྦྱངས་པའི་མཁས་པ་རྣམས་དང་། སྒོམ་སྒྲུབ་ལ་གཞོལ་བའི་གྲུབ་ཆེན་རྣམས་ནི་གྲངས་མེད་མང་དུ་ཡོད་པ་ཡིན་ནོ། །ཚེ་རབས་ཀུན་ཏུ་མཚན་ལྡན་བཤེས་གཉེན་གྱིས། །རྗེས་སུ་བཟུང་སྟེ་གདམས་པའི་བདུད་རྩི་ལ། །སྤྱོད་ཅིང་བཤད་སྒྲུབ་བསྟན་པ་ལེགས་སྤེལ་ཏེ། །འགྲོ་རྣམས་གཏན་གྱི་བདེ་ལ་མྱུར་འགོད་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཀུན་ཏུ་དར། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་འཕྲིན་ལས་རྒྱས། །བདག་ཅག་སྐྱེ་རྒུ་ཐམས་ཅད་བདེ་ཞིང་སྐྱིད། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། རྗེའི་བསྟན་པ་རྒྱས་པར་མཛད་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་རྣམ་ཐར་དང་། ཞར་ལ་དགའ་ལྡན་ཁྲིར་བཞུགས་པའི་བླ་མ་རྣམས་ཟུར་ཙམ་བརྗོད་པའི་ལེའུ་སྟེ་བརྒྱད་པའོ། །

                                                                                                                རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།