རྗེའི་རྣམ་ཐར་ཆེན་མོ་ལས་ཁྲི་ཐོག་བཞི་བ་དང་ལྔ་བ་གཉིས་ཀྱི་རྣམ་ཐར་མདོ་ཙམ་བརྗོད་པ།
གོང་དུ་བཤད་པ་ལྟར་དགའ་ལྡན་གྱི་ཁྲི་ཐོག་གཉིས་པ་རྒྱལ་ཚབ་རྗེ་དང་། གསུམ་པ་མཁས་གྲུབ་རྗེ་གཉིས་ཀྱི་རྗེས་སུ། སྐྱེས་བུ་དམ་པ་རྣམས་དགའ་ལྡན་གྱི་གདན་སར་རིམ་པར་བཞུགས་ནས་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད་བཞིན་པ་ཡིན་ལ། དེ་ཡང་ཁྲི་ཐོག་བཞི་པ་ཞ་ལུ་པ་ལེགས་པ་རྒྱལ་མཚན་ནི། ཤིང་མོ་ཡོས་ལ་གཙང་ཞ་ལུར་འཁྲུངས། རྗེ་འདུལ་འཛིན་འཁྲུངས་པའི་ཕྱི་ལོ་དང་། མཁས་གྲུབ་རྗེ་ལས་ལོ་བཅུ་བགྲེས། ཞ་ལུར་རབ་ཏུ་བྱུང་ཞིང་། ཞ་ལུ་གྲགས་པ་རྒྱལ་མཚན་དང་། ཤངས་པ་ཀུན་མཁྱེན་བསྟེན་ནས་མདོ་རྒྱུད་མང་པོར་སྦྱངས་ནས་མཁས་པར་གྱུར། རྗེའི་ཞབས་ཕྱིར་ཡུན་མ་ཐུང་ངེ་བྱོན། རྗེ་ཐམས་ཅད་མཁྱེན་པ་དང་། སྲས་ཀྱི་ཐུ་བོ་གཉིས་དང་། མཁས་གྲུབ་རིན་པོ་ཆེ། བླ་མ་བཟང་སྐྱོང་བ། ཤར་པ་རིན་པོ་ཆེ་སོགས་ལ་མདོ་སྔགས་ཀྱི་གསུང་རབ་ཁྲིད་གསན་སྦྱོང་མང་དུ་མཛད་པས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ཏེ། མཁྱེན་བརྩེ་མཐུ་ནུས་ཤིན་ཏུ་ཆེ་བས་རྗེ་རིན་པོ་ཆེས་ཀྱང་ནམ་ཞིག་ཆོས་སྐུ་གཅིག་ཏུ་མ་གྱུར་བར་དུ། ངས་ཁྱོད་ཀྱི་བཤེས་གཉེན་བྱེད་པ་ཡིན་ནོ། །ཞེས་དབུགས་དབྱུང་བ་སོགས་ཡོད།
རང་ལོ་དྲུག་བཅུ་རྩ་ལྔ་པ་ས་མོ་ལུག་ལ་གདན་སར་ཕེབས། ལོ་བཅུ་གཉིས་ཀྱི་བར་དུ་ཚོགས་པ་བསྐྱངས་ཤིང་། རྗེ་རིན་པོ་ཆེའི་རྡོ་རྗེ་འཇིགས་བྱེད་སྐོར་ཀུན་དང་། ཁྱད་པར་མན་ངག་གསུམ་གྱི་གདམས་པས་སྐལ་ལྡན་གྱི་མཁས་གྲུབ་དུ་མ་སྨིན་པར་མཛད་པ་ཡིན་ཏེ། སྲད་རྡོ་རྗེ་འཆང་གི་ཞལ་ནས། འདུལ་ནག་པ་སོགས་མཁས་གྲུབ་རིན་པོ་ཆེར་དུས་འཁོར་ཊིཀ་ཆེན་གསན་ཅིང་། མར་མེའི་ཡིག་ཆུང་གཅིག་གསན། མཁས་གྲུབ་རིན་པོ་ཆེ་གཤེགས་པ་དང་། ཞ་ལུ་པ་ཆེན་པོ་ཁྲིར་བསྐོས་ཤིང་། དྲུག་བཅུ་པའི་རྩ་ཚིག་དང་གདམས་པ་མཐའ་དག་གསན་གསུངས་ལ་དགེ་འདུན་ཡང་། ཆོས་འཇིག་རྟེན་གཉིས་ཀས་བསྐྱངས་པས་དགེ་འདུན་གྱི་དར་རྒྱས་དང་། ལོངས་སྤྱོད་ཀྱི་འདུ་ལོང་ཡང་འདི་ཁོ་ནའི་དུས་ཆེ་བར་ལས་ཆེན་ཀུན་རྒྱལ་གསུངས།
གསེར་ཐོག་གི་འཕྲོ་ཡང་འདིས་གྲུབ་པར་མཛད་ཅིང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཡིན་པའི་དོན་གྱིས་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱང་ཇེ་གུས་ཇེ་གུས་དང་། ས་འབྲིའི་མི་བསྲུན་པ་རྣམས་ལའང་མཐུ་ཟློག་གི་རྟགས་མཚན་ཆེ་བ་བསྟན་ཅིང་། ཚར་བཅད་པས་མི་བསྲུན་པའི་སྐྱེ་བོ་རྣམས་ཀྱང་ཇེ་སྐྲག་ཇེ་སྐྲག་ཏུ་སོང་ནས་བཞུགས་གདན་སེང་གེའི་ཁྲི་ནོན་ངེས་བྱུང་བར་ཐམས་ཅད་གླེང་། གསེར་ཐོག་གི་ལུགས་ཕུད་ལ་གཟིམས་ཁང་ཤོད་དུ། པདྨ་མཁར་བས་གསང་བདེ་དུས་འཁོར་གསུམ་གྱི་གསེར་སྐུ་མི་ཚད་ཙམ་རེ་བཞེངས། དེ་དུས་ལྕགས་ཟམ་པས་བྲག་རལ་གྱི་ལྕགས་ཟམ་འཛུགས་པར་དགེ་ལྡན་ཚོགས་པས་རྡོའི་དང་བླངས་མཛད། སྣེའུ་གདོང་པ་དང་། འཕྱོང་རྒྱས་པའི་ནང་སོ་ཚེ་བརྟན་པ་ཐུག་དུས་ནང་སོས་དམག་རྒྱབ་ཀྱི་སྐུ་བསྲུང་ཕྱག་མདུད་ཞུས་ཤིང་བཞེས་ནས་དམག་ལ་བྱོན་ནས། གྲོག་སྦུབ་གཅིག་ལ་བཀར་དུས་ཕྱག་ཕྱི་གཅིག་གིས་རྟ་ལ་མདུང་རིང་རྒྱབ་པས། ཕ་རིང་འཕྱོར་ནས་སྲོག་ལ་མ་སྐྱོན་སྲུང་བས་སྐྱབ་པར་གྲགས། འཕྱོང་རྒྱས་པར་བུ་མ་བྱུང་བ་ལ། སོ་སོར་འབྲང་མའི་སྒོ་ནས་སྲིད་བསྐྱེད་པས་བུ་བྱུང་ནས་དེའི་གདུང་བརྒྱུད་ལ་སྐུ་གོང་མ་ལྔ་པ་ཆེན་པོ་ཕེབས། སྐུ་གོང་མས་ཀྱང་། མཐུ་སྟོབས་དབང་ཕྱུག་ཞ་ལུ་པ་ཞེས་བསྔགས་བརྗོད་མཛད། ཞལ་བཞུགས་པའི་བར་དུ་འཕྱོང་རྒྱས་པས་ན་བཟའ་དང་དཔོན་སློབ་ཐམས་ཅད་ལ་ཕོག་ཟླ་ངོ་བཞིན་མཛད།
རང་ལོ་དོན་དྲུག་པ་ལྕགས་རྟ་ཧོར་ཟླ་དྲུག་པའི་ཉེར་བཞི་ལ་ཆོས་ཀྱི་དབྱིངས་སུ་ཐིམ་དུས་གསེར་གྱི་མེ་ཏོག་གི་ཆར་བབས། ཞུགས་སུ་ཕུལ་བས་དབུ་ཀླད་ལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པར་བྱོན་པ་དངུལ་གདུང་གི་རྟེན་དུ་བཞུགས་ཏེ། རྒྱ་གུར་ནང་ན་ཆོས་རྗེ་ཆོས་གྲགས་བཟང་པོའི་དངུལ་གདུང་གི་གཡས་ན་བཞུགས། བླ་མ་འདིའི་སྐུ་གོང་མ་སྟོན་པའི་དུས་སུ་བྱང་སེམས་དྲི་མེད་གྲགས་པ་ཡིན་ཞིང་། དེང་སང་རྗེ་འཇམ་དབྱངས་བཞད་པ་ཡིན་ནོ། །
ཁྲི་ཐོག་ལྔ་པ་བློ་གྲོས་ཆོས་སྐྱོང་ནི། ས་མོ་སྦྲུལ་ལ་གཙང་གཡག་སྡེར་འཁྲུངས། ལོ་འདི་ནི་རྗེའི་དགུང་ལོ་སོ་གསུམ་པ། མཁས་གྲུབ་རྗེ་འཁྲུངས་པའི་ལོ་ལྔ་པ་ཡིན། ཚོགས་པ་དགེ་འདུན་སྒང་པ་ལ་རབ་ཏུ་བྱུང་བས་སྟན་གཅིག་པ་བྱེད། རྗེ་ཡབ་སྲས་གསུམ་ཀ་དང་། ཁྱད་པར་མཁས་གྲུབ་རྗེ་བསྟེན་ནས་གསུང་རབ་ལ་སྦྱངས་པས་མདོ་སྔགས་ཀྱི་གསུང་རབ་ལ་རིག་པའི་རྩལ་ཐོན་པའི་མཁས་པར་གྱུར། དགེ་ལྡན་གྱི་གདན་ས་མི་མཛད་དགོངས་ནས་མཚན་མོ་བྲོས་བྱོན་པས། བཀའ་བསྲུང་གི་འཁྲེན་གྱིས་ཆུ་མིག་མགྲོན་ལྷ་ཅན་གྱི་གཤམ་དུ། ཞབས་བསྙུང་ནས་ཕེབས་མ་ཐུབ་པས་སྤྱན་དྲངས་ཏེ། རང་ལོ་དྲུག་ཅུ་རྩ་གཉིས་པ་ལྕགས་ཕོ་རྟ་ནས་ཆུ་ལུག་གི་བར་ལོ་བཅུ་གསུམ་གདན་ས་མཛད་དེ། ལམ་རིམ་ཆེ་ཆུང་། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་ཆེ་ཆུང་། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་དང་། རྟོག་པ་གསུམ་པ་དང་། དྭ་ལོའི་ཤོག་དྲིལ་གསུམ། དུས་འཁོར། འཇིགས་བྱེད་ཀྱི་བསྐྱེད་རྫོགས་དང་བཅས་པ། བརྟག་གཉིས་ཊིཀྐ་དང་། འདོད་འཇོ། རྒྱུད་བླ་མ་སོགས་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བས། སློབ་མ་ཡང་། རྗེ་ཡབ་སྲས་ཀྱིས་གསལ་བར་བཏོན་པའི་དུས་ཀྱི་འཁོར་ལོའི་བཤད་སྲོལ་རྣམ་དག་ཐུབ་པའི་མཁས་དབང་ཆོས་གྲགས་པ། རྒྱུད་ཆེན་འཇམ་དབྱངས་དགེ་འདུན་འཕེལ། རབ་འབྱམས་པ་སྨོན་ལམ་དཔལ་བ། འཕགས་པ་ལྷ། གྲུབ་ཆེན་ཆོས་གྲགས་པ། འཇམ་དབྱངས་གཞོན་ནུ། མཁས་པ་ནོར་བཟང་རྒྱ་མཚོའི་དཔལ་སོགས་བྱུང་། འདིས་མཆོད་ཁང་གསར་མ་བཏབ། སྟོན་པའི་གསེར་སྐུ་ཆེན་མོ་དང་། དངུལ་གདུང་ཆེན་པོ་གཅིག་བཞེངས། མཁས་གྲུབ་རྗེས་མཛད་པའི་འཇིགས་བྱེད་བསྐྱེད་རིམ་ཆེན་མོའི་འཕྲོ་ནི་འདིས་རྫོགས་པར་མཛད། དགུང་ལོ་དོན་ལྔ་ལ་ལྟས་བཟང་པོ་དང་བཅས་གཤེགས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn