རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-01 21:36:11     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བླ་མ་འདི་དགུང་ལོ་ཞེ་བདུན་བཞེས་པའི་ལྕགས་ཕག་ལོར་རྒྱལ་ཚབ་རིན་པོ་ཆེ་གནས་རྙིང་དུ་ཕེབས་པར་མཇལ་དུ་བྱོན་ཚེ་གསེར་ཁྲིར་ཕེབས་དགོས་པའི་ཞལ་ཏ་གནང་ནས་འཛམ་གླིང་གི་སྣང་བྱེད་མཁས་པའི་ཉི་མ་མཆེད་གཉིས་ལྷན་དུ་དབུས་སུ་ཕེབས་པ་ན། ཆོས་རྒྱལ་དུ་དབེན་ཤ་སྐུ་མཆེད་ཀྱིས། རྗེ་ཡབ་སྲས་གཉིས་ལ་ཇི་ལྟར་གུས་འདུད་མཛད་པ་བཞིན་དུ་ཐུབ་བསྟན་མ་ལུས་པའི་བདག་པོ་དང་བསྟན་པའི་ཉི་མ་མཆོག་འདི་ཡིན་ནོ་སྙམ་དུ་དད་པ་དང་མོས་པའི་ཞབས་ཀྱི་པདྨོ་སྤྱི་གཙུག་གི་རྒྱན་དུ་བཀོད་པས་སྐྱེ་དགུའི་ཕན་བདེའི་སྒོ་བརྒྱ་ཕྱེ་བར་གྱུར།

        དེ་ནས་སྔོན་སངས་རྒྱས་ཀྱི་དུས་ནས་ད་ལྟའི་བར་དུ་འཛམ་གླིང་འདི་ལ་ཆོས་ཀྱི་སྡེ་ཆེན་པོ་འདི་ལས་བཟང་དང་འདི་ལྟ་བུ་དཀོན་པའི་རྒྱན་དྲུག་ལྟ་བུའི་མཁས་མང་བྱེ་བའི་རོལ་གནས་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དང་། དཔལ་སེ་ར་ཐེག་ཆེན་གླིང་གཉིས་སུ་ཕེབས་པའི་ཚེ་ཡང་སོ་སོའི་སེར་སྦྲེང་དང་ཚོགས་པ་ཟུང་གིས་ཆོས་འབྲེལ་ཞུས་ཤིང་། རྒྱ་བོད་ཀྱི་གཞུང་བཟང་རྩ་འགྲེལ་ཆེན་པོ་བརྒྱ་དང་བདུན་ཅུའི་ཐུགས་བཤད་མཛད་པའི་འཇམ་དབྱངས་ཆོས་རྗེར་གྲགས་པ་བཀྲ་ཤིས་དཔལ་ལྡན་གྱིས་གུས་པའི་ཕྱག་དང་། རང་གཞན་གྱི་གྲུབ་མཐའ་དང་གཞུང་ལུགས་རྒྱ་མཚོ་ཙམ་གྱི་འཆད་རྩོད་རྩོམ་གསུམ་མཛད་ཅིང་ཟབ་མོའི་ལྟ་བ་མངའ་བའི་མཚུངས་མེད་ཆོས་རྗེ་རྒྱན་བཟང་པས་ས་གསུམ་མའི་ལུང་གི་འབྲེལ་བ་ཞུས། དེ་བཞིན་དུ་གངས་ཅན་གྱི་རྡོ་རྗེ་གདན་ཆེན་པོ། སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཅིང་། སྲོང་བཙན་སྒམ་པོ་དང་མཁས་གྲུབ་དུ་མས་བྱིན་གྱིས་བརླབས་པ། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་དུ་མའི་སྐུ་བརྙན་རང་བྱོན་གྱིས་ཕྱུར་བུར་གང་བའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་པའི་ཚེ་ཡང་སེར་སྦྲེང་དུ་མ་ཟད། ཤར་ནས་འཕགས་པའི་གནས་བརྟན་རིན་ཆེན་རྒྱལ་མཚན་ཞེས་སྔར་བཤད་པ་ལྟ་བུའི་ཡོན་ཏན་གྱིས་བོད་འདིར་རྒན་པ་ཆེན་པོ་དེ་ཡང་ལ་འཕྲང་ཉགས་སུ་བྱོན་ནས་དར་ཡུག་ཆེན་གཅིག་རྟེན་དུ་མཛད་དེ་ཕྱག་ཕུལ།

        ཧོར་སྟོན་རིན་པོ་ཆེས། དགོན་པའི་དཀྱིལ་ཙམ་དུ་ཕེབས་ནས་ཕྱག་ཕུལ། དགེ་འདུན་ཐམས་ཅད་ཀྱིས་ཀྱང་གཙང་ལ་མྱུར་དུ་ཕེབས་དགོས་དབང་ལུང་རྗེས་གནང་མན་ངག་སོགས་ཞུས་ནས་ཞལ་སློབ་དུ་གྱུར། ལོ་དེ་ལ་ཆོས་ཀྱིས་མངོན་པར་མཐོ་བའི་གསེར་ཁྲི་ཆེན་པོ་ལ་ཕེབས་ཏེ། ཞྭ་སེར་མདོག་གྱོན་པའི་རབ་བྱུང་བྱེ་བ་ཕྲག་བརྒྱ་སོགས་གླིང་འདིའི་མཁས་གྲུབ་མ་ལུས་པའི་གཙུག་རྒྱན་དུ་མཛེས་པ་ན། རྗེ་བླ་མའི་གསུང་རབ་ཤིང་རྟ་ཆེན་པོ་མ་ལུས་པའི་ལེགས་བཤད་ཀྱི་ལྷའི་རྔ་བོ་ཆེའི་སྒྲ་ཆེན་པོ་ས་གསུམ་དང་འོག་མིན་གྱི་བར་དུ་བསྒྲགས་པས་དཀར་པོའི་སྡེ་རིགས་ཐམས་ཅད་དར་ཆེན་འཕྱར་ཅིང་། ནག་ཕྱོགས་རྣམས་མིང་གི་ལྷག་མ་ཙམ་དུ་གྱུར་པའི་སྙན་པས་ས་གསུམ་ཁྱབ་པ་འདི་ལས་དང་། སྤྱིར་ཡང་རིན་པོ་ཆེ་འདིའི་རྣམ་ཐར་དྲན་པས་བདག་པོ་རྒྱང་རྩེ་པ་ཐུགས་འགྱོད་ཀྱི་བསྲེག་ཟ་ཆེན་པོས་དུས་རིང་པོར་གདུང་བ་མི་བཟད་པ་བྱས་པ་ཡིན་སྣང་།

        དགའ་ལྡན་གྱི་འདུས་ཚོགས་གཙོ་བོར་བྱས་པའི་དགེ་འདུན་མང་པོ་ལ། མདོ་སྔགས་ཀྱི་བཤད་པ། དབང་རྗེས་གནང་ལུང་མན་ངག་སོགས་དཔག་ཏུ་མེད་པ་བསྩལ། དགའ་ལྡན་དུ་གྲྭ་ཚང་བཞི་བཙུགས་ནས་འཆད་ཉན་ཤིན་ཏུ་དར། དེང་སང་གྲྭ་ཚང་བཞི་ནི། བྱང་རྩེ་དང་ཉག་རོང་གཉིས་སུ་འདུས་སོ། །ལྷ་ཁང་ལ་གསེར་གྱི་རྒྱ་ཕིབས་བཞག་པ་དང་། ལྷ་སའི་ཇོ་བོ་རིན་པོ་ཆེར་གསེར་གྱི་མཎྜལ་ཁྲུ་གང་བ་ཕུལ་བ་སོགས་བསྟན་པའི་བྱ་བ་དཔག་མེད་མཛད། ལྷ་ས་སྨོན་ལམ་གྱི་མཎྜལ་ནི་དེང་སང་གི་བར་མཎྜལ་འདིས་མཛད་ཅིང་ཡོད། དེ་ལྟར་དགེ་ལུགས་ཀྱི་བསྟན་པ་གོང་ནས་གོང་དུ་དར་བར་མཛད་པའི་དུས་སུ་ས་སྐྱ་པ་རྣམས་དགའ་ལྡན་གྱི་ཕྱོགས་སུ་ཟོར་མང་དུ་འཕངས། དེར་མཁས་གྲུབ་རྗེས་གཞན་གྱིས་དེ་ལྟར་བྱེད་ཀྱང་ལོ་འདིའི་ཁོངས་སུ་དགའ་ལྡན་གྱི་གྲྭ་བ་སུ་ལ་ཡང་གནོད་པ་ཅུང་ཟད་ཀྱང་མི་ཡོང་བ་ཁོ་བོས་ཁག་ཐེག ཅེས་གསུངས་པ་ལྟར་དགའ་ལྡན་གྱི་ཚོགས་ལ་གནོད་པ་མ་བྱུང་ཞིང་། ས་སྐྱར་ལྷ་ཁང་རྡིབ་པ་སོགས་བྱུང་འདུག ཡང་མཁས་གྲུབ་རྗེས་མགོན་པོའི་གཏོར་ཆེན་མཛད་པའི་སྐབས་ཤིག ཀྵེ་ཏྲ་པཱ་ལའི་ཞོན་པའི་ཕག་ངུར་བའི་སྒྲ་སློབ་མ་དག་གིས་ཐོས་པ་སོགས་རྟགས་མཚན་བྱུང་བ་ཡང་ཡོད་དོ། །  

                                                                                                                 རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།