རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་བརྒྱད་པ།
ཡང་བླ་མ་འདི་རྗེ་འགོས་ཀྱི་སྐུ་སྐྱེར་གྲགས་ལ་དེ་ཡང་ཇོ་བོ་རྗེ་མངའ་རིས་སུ་ཕེབས་དུས། མི་ཁྱོད་ཤེས་རབ་ཆེ་བར་འདུག རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཚད་ཤེས་རབ་ཆེ་བ་ཡིན། རྒྱ་གར་དུ་སྐྱེས་ན་ཤནྟི་བ་དང་མཉམ་པ་འོང་བ་འདུག་གསུང་། འདི་ལ་ནི་རྗེ་རང་གིས་ཀྱང་ཁྱེད་རྗེ་འགོས་ཀྱི་སྐུ་སྐྱེ་ཡིན་པས་གསང་འདུས་འཕགས་ལུགས་ལ་མཁས་པ་ཡིན་ཞེས་གསུང་ངོ་། །ཡང་བླ་མ་འདིའི་མནལ་ལམ་དུ་ཧེ་རུ་ཀ་བྱོན་ནས། ང་སྒྲུབ་པའི་རྒྱ་བོད་ཀྱི་ཡིག་ཆ་ལ་བློ་བཟང་གྲགས་པའི་ཡིག་ཆ་ལས་བཟང་བ་མ་བྱུང་གསུང་ངོ་། །འོ་ན་བདག་གིས་ཀྱང་རྗེ་བླ་མའི་ཡིག་ཆའི་སྟེང་ནས་སྒྲུབ་པར་ཞུ་ཞུས་པས། ང་དང་བློ་བཟང་གྲགས་པ་ལ་ཁྱད་མེད། ཆུ་བུར་ཅན་གྱིས་བླ་མ་རྡོ་རྗེ་འཆང་ཐ་མལ་དུ་མཐོང་བ་ཡིན་གསུང་། བླ་མ་སངས་རྒྱས་སུ་མ་མཐོང་འཐོལ་འཆགས་ཞུས་པས། ཧེ་རུ་ཀ་དགྱེས་ནས་བླ་མ་དང་ཧེ་རུ་ཀ་དབྱེར་མེད་དུ་སོང་ནས་འཁོར་ལོ་བདེ་མཆོག་གི་བཀའ་གནང་ཞིང་། ཧེ་རུ་ཀའི་ཞལ་ནས། ད་ལྟ་ངའི་དཀྱིལ་འཁོར་རི་བོའི་རྩེར་དངོས་སུ་ཡོད་པ་ཡིན། ཡར་ངོ་མར་ངོའི་ཚེས་བཅུ་ཟུང་ལ་ད་དངོས་སུ་འོང་ཞིང་མཁའ་སྤྱོད་དུ་འགྲོ་བ་ལ་དཀའ་ལས་མེད་དེ་བྱེད་མཁན་ཉུང་ཞེས་གསུང་ངོ་། །
ཡང་ལན་ཅིག་བུད་མེད་སྔོན་མོ་མཛེས་པ་བྱུང་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་དཀྱིལ་འགྲེལ་བ་སོགས་རྩོམས་གསུང་བ་བྱུང་བས་དེར་བརྟག་གཉིས་ཀྱི་འགྲེལ་བ་མངོན་དཀྱིལ་མཆོད་ཕྲེང་། སྨོན་ལམ་ཤིས་བརྗོད་དང་བཅས་པ་ཆ་ལག་ཡོངས་སུ་རྫོགས་པ་མཛད་དུས། དགྱེས་པ་རྡོ་རྗེ་དངོས་སུ་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས་པ་སོགས་ལྟས་ཁྱད་པར་ཅན་མང་དུ་བྱུང་ཞིང་མི་ཁྱོད་ངའི་བསྐྱེད་རྫོགས་ཀྱི་གནད་ཕྱིན་ཅི་མ་ལོག་པར་རྟོགས་ནས་ལེགས་བཤད་འདི་ལྟ་བུ་ཐོན། ཨེ་མ་ཧོ་ངོ་མཚར་ཆེ་ཞེས་གསུང་ངོ་། །
ཡང་ལན་ཅིག་བླ་མ་འདི་དང་རྗེ་བླ་མ་གཉིས་མཇལ་བའི་ཐོག་མའི་མནལ་ལམ་དུ་མུན་པ་ནག་པོ་ཕྱོགས་གར་འགྲོའི་གཏོལ་མེད་ཅིང་མགོ་འཁོར་འཁྱམས་ནས་རྒྱུན་རིང་དུ་སོང་འདུག་པ་ལ། ཤར་ཕྱོགས་ནས་རལ་གྲིའི་དཀྱིལ་འཁོར་བརྒྱ་ཕྲག་བཅུས་བསྐོར་བའི་ཡུ་བ་རྣམས་ནང་དུ་བསྟན་ལ། རལ་གྲི་རེ་རེའི་རྩེ་ལ་ཉི་མ་བརྒྱ་རེ་ཤར་ནས་འདུག་པའི་རལ་གྲིའི་འཁོར་ལོ་དེ་ལྟ་བུས་བསྐོར་བའི་དབུས་སུ་འཇའ་ཚོན་སྣ་ལྔའི་དྲ་བས་སྤྲས་པའི་དབུས་ན་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ། རིན་པོ་ཆེའི་རྒྱན་པ་བསམ་གྱིས་མི་ཁྱབ་པས་སྤྲས་པ་གཞོན་ནུའི་ཚུལ་ཅན། རལ་བའི་ཐོར་ཚུགས་ལ་མུ་ཏིག་གི་སེ་མོ་དོ་ཁྲི་བཅིངས་པ་ཤིན་ཏུ་དྭངས་ཤིང་ཡིད་དུ་འོང་བ་རབ་ཏུ་མཛེས་ཤིང་མིག་གི་བདུད་རྩི་ལྟ་བས་ཆོས་མི་ཤེས་པ་གཅིག་དགྱེས་བཞིན་བྱོན་ནས་བདག་ལ་ཐིམ་བྱུང་། ཉི་མའི་དཀྱིལ་འཁོར་འདི་ཤར་མ་ཐག་ཏུ་མུན་པ་ཐམས་ཅད་ནི་སངས། འོད་ཟེར་གྱི་དྲ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་སོང་བ་ཅིག་རྨིས། སང་ཉིན་རྗེ་བླ་མ་དང་མཇལ་དུས་མདང་འདི་ལྟ་བུ་རྨིས་པ་ཇི་ལྟར་ལགས་ཞུས་པས། ཁྱེད་ཀྱིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཐོང་བ་ལེགས། ཁྱེད་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་པ་འདུག ངེད་རྗེ་བཙུན་འཇམ་དབྱངས་སུ་མཐོང་བ་མཐོང་བ་ལྟར་དོན་ལ་གནས་མོད། གཞན་བློ་དམན་གྱི་གང་ཟག་གིས་ཐ་མལ་དུ་མཐོང་བ་ཡིན། ཁྱེད་དང་གདུལ་བྱ་མང་པོ་ལ་ཕན་པ་ཆེན་པོ་ཡོད་པ་ཡིན་ནམ་གསུང་ངོ་། །
འདི་ལ་རིགས་པས་བརྟག་ན་རྗེ་བླ་མ་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་རྗེ་རང་ཉིད་ཀྱིས་ཞལ་གྱིས་བཞེས། འདི་ལས་ཡིད་ཆེས་པའི་ལུང་རིགས་ཀྱི་སྒྲུབ་རྒྱུ་ཅི་ཡོད། དེར་རྗེ་བླ་མའི་ཞལ་ནས་ཁྱོད་ཡི་དམ་གང་བྱེད་ཕྱིན་ཡོད་གསུངས་པ་ལ། བླ་མ་འདི་དེ་དུས་འཇམ་དབྱངས་སྨྲ་སེང་དང་གཤེད་དམར་ལ་ཡི་དམ་མཛད་ཀྱིན་ཡོད་པས། བདག་སྨྲ་སེང་དང་གཤེད་དམར་ལ་ཡི་དམ་བྱེད་ཀྱིན་ཡོད་ཞུས་པས། སྤྱིར་དམར་ནག་འཇིགས་གསུམ་གང་ལ་ཡི་དམ་བྱས་ཀྱང་རྗེ་བཙུན་འཇམ་དབྱངས་རིམ་གྱིས་ཁྲོས་ཚུལ་ཆེར་སོང་བས་རྗེ་བཙུན་གྱིས་རྗེས་སུ་འཛིན་མོད། འོན་ཀྱང་ངེད་རང་གི་བརྒྱུད་པ་འདི་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་རློབ་པ་ཡིན་པས་དེ་ཤེས་དགོས་པ་ཡིན། །ཡི་དམ་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ལ་བྱ་དགོས་ཏེ། འདི་ལ་རྒྱུ་དུས་འབྲས་དུས་གཉིས་ཀའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པ་ཡིན་པས་དགོས་པ་ཁྱད་པར་ཅན་གཅིག་ཡོད་པ་ཡིན། གཞན་རྣམས་ཀྱིས་འདིའི་གནད་གཏན་ནས་མ་གོ་པར་འདུག འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་བྱེད་ཅེས་རྗེ་བཙུན་འཇམ་དབྱངས་ཀྱིས་དངོས་སུ་གསུངས་པའི་གསང་བའི་གནད་ཁྱད་པར་ཅན་ཐུན་མོང་མ་ཡིན་ཞིང་གཞན་ལ་གཏན་ནས་མེད་པའི་ལེགས་བཤད་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་འཐོན་ཅིང་རྗེ་བཙུན་འཇམ་དབྱངས་ཀྱིས་ཁོ་བོ་ཁོ་ན་ཆེད་དུ་བྱ་བའི་གདུལ་བྱར་གཟིགས་ནས་གསུངས་པའི་ཞལ་ཤེས་འདི་ལྟ་བུ་ལ་སྙིང་དང་འདྲ་བའི་རྩིས་མི་བྱེད་པར། འགའ་ཞིག་གིས་ཟབ་ཟབ་མོ་བོ་བོ་ཡིན་ཁ་མོ་སྟོན་མི་ནུས་པ་ཁད་བྱེད་པའི་ཚིག་གཡས་ཆུད་དང་ག་པ་རེ་ལ་ལུས་སྲོག་ཅི་ལའང་མི་ལྟ་བར་ཉིན་མཚན་ཐམས་ཅད་དུ་འབད་ལོ་བྱེད་པ་ཨ་རེ་སྙིང་རེ་རྗེ། སྔགས་མཚན་ཉིད་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་དང་དེ་སྟེན་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྟེར་བའི་ཡི་དམ་ལ་མི་འབད་པར། གཞི་རྩ་མེད་པའི་ཕྱོགས་རེའི་རྩ་དང་རླུང་དང་གཅོད་དང་མན་ངག་ལྟར་སྣང་གཅིག་ལ་རྡོ་རྗེ་འཆང་འཐོབ་ཏུ་རེ་བ་དེ་བས་ཀྱང་སྙིང་རེ་རྗེ་ཅེས་གསུང་ཞིང་། ཞུ་མ་དགོས་པར་ངས་ཁྱེད་ལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བྱེད་གསུང་ནས་བླ་མས་དགྱེས་བཞིན་དུ་བཀའ་གནང་། དེ་ནས་བཟུང་སྟེ་ཡི་དམ་གྱི་ཐུགས་དམ་བདག་འཇུག་འཆག་མེད་དུ་མཛད་དོ། །
ཡང་ལན་གཅིག་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དངོས་སུ་བྱོན་ནས། བླ་མ་རྡོ་རྗེ་འཆང་ཆེན་པོའི་སྔགས་མཚན་ཉིད་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་བྱེད་པ་ལ་མགོན་ཁྱོད་མཆོག་ཏུ་བསྔགས་སོ་ཞེས་དབུགས་དབྱུང་ངོ་། །ཡང་ལན་གཅིག་ཡི་དམ་བྱོན་ནས། བླ་མ་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་དུང་འབུད་པ་ལ་ཁྱོད་བསྔགས་སོ་ཞེས་གསུང་། ཡང་ལན་གཅིག་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བྱོན་ནས། བླ་མ་རྡོ་རྗེ་འཆང་ཆེན་པོ་འདི་ཕ་རྒྱུད་གསང་པ་འདུས་པ་ལ་མཁས་ཤིང་གྲུབ་པ་བརྙེས་པས་ཁྱོད་ཀྱིས་ཀྱང་འདིའི་ཞབས་རྡུལ་སྤྱི་བོས་ལོང་ཅེས་གསུང་ངོ་། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn