རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-28 22:03:28     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        སྤྱིར་མཁས་གྲུབ་རྗེ་འདི་ནི་སྐུ་ཚེ་དཔག་ཏུ་མེད་པའི་སྔ་རོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བ་ཡིན་ཏེ། བླ་མ་འདི་ཨ་བྷྱ་ཀ་རར་སྐུ་སྐྱེ་བ་བཞེས་པའི་ཚེ། རྗེ་བཙུན་འཇམ་དབྱངས་བྱོན་ནས་སྒྲུབ་ཐབས་རྒྱ་མཚོ་རྩོམས་གསུང་བ་དང་རྩོམ་པ་མཛད་ཅིང་རྩོམ་པ་གཞན་ཡང་མང་ངོ་། །ཡང་རྒྱ་གར་དུ་པཎྜི་ཏ་རིག་པའི་ཁུ་བྱུག་ཆེ་བར་སྐྱེ་བ་བཞེས་ཤིང་འགྲོ་བའི་དོན་མཛད་ལ། དཔལ་ལྡན་ཟླ་བ་གྲགས་པས་མཐར་འཛིན་གྱི་འཆིང་བ་དྲུངས་བྱུང་བར་མཛད་དོ། །ཡང་ལན་ཅིག་ཟླ་བ་གྲགས་པས་མ་འོངས་པའི་དུས་སུ་རྗེ་བཙུན་འཇམ་དབྱངས་དགེ་སློང་གི་ཚུལ་དུ་བསམས་བཞིན་དུ་མཐའ་འཁོབ་ཏུ་སྐྱེ་བ་བཞེས་པར་འདུག་པས། །ཁྱོད་ཀྱང་དེར་སྐྱེ་བ་ལོངས་ལ་དེའི་བཀའ་སྒྲུབ་པ་དང་བསྟན་པ་རྒྱས་པར་གྱིས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་གོར་མ་ཆག་གོ །

        ཡང་བླ་མ་འདི་འཕགས་པ་འོད་སྲུངས་ཀྱི་དགེ་ཚུལ་པད་མའི་ངང་ཚུལ་དུ་སྐྱེ་བ་བཞེས་པས། །ཕྱིས་ཀྱང་རྗེ་བླ་མ་མནལ་ལམ་དུ་བྱོན་ནས་འོད་སྲུངས་ལེའུ་དེ་གསུང་ཅེས་ཀྱང་གྲགས་སོ། །ཡང་རིག་པའི་ཁུ་བྱུག་ཏུ་སྐྱེ་བ་བཞེས་དུས་འཕགས་པ་ཀླུ་སྒྲུབ་བྱོན་ནས་ལྟ་བའི་གནད་ཤིན་ཏུ་ཕྲ་བ་བསྟན་ལ། དངོས་འཛིན་གྱི་འཁྲུལ་བ་རྩ་བ་ནས་དྲུངས་ཕྱུང་པར་མཛད་ཅིང་། ཀླུ་སྒྲུབ་ཀྱི་ཞལ་ནས། ངེད་རྒྱ་གར་པའི་གྲུབ་ཐོབ་རྣམས་འཇམ་དབྱངས་བསྟེན་པ་ཡིན། དེའི་རྒྱུ་མཚན་ཡང་གསུང་རབ་ཀྱི་དཀའ་བའི་གནད་ཤིན་ཏུ་ཕྲ་བ་བྱུང་ན། རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་བཏབ་ནས་ཟབ་མོའི་དོན་ལ་དཔྱོད་པ་ཡིན། ཁྱོད་ཀྱང་རྗེ་བཙུན་འཇམ་དབྱངས་ལ་བསྟེན་པར་བྱོས་ཤིག་ཅེས་གསུང་ངོ་། །

        ཡང་ལྷག་པའི་ལྷ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། རྗེ་བཙུན་འཇམ་དབྱངས་ཡིན་པས་དེ་ལ་བརྟེན་ནས་རྟེན་འབྱུང་གི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཞེས་གསུང་ངོ་། །ཡང་ཀླུ་སྒྲུབ་ཀྱི་ཞལ་ནས། བདག་ཀྱང་མ་འོངས་པའི་དུས་སུ་མཐའ་འཁོབ་ཏུ་འགྲོ་བའི་དོན་བྱེད་པར་སྨོན་ལ། ཁྱོད་ཀྱང་དེའི་དུས་སུ་བདག་གི་འཁོར་གྱི་ཐོག་མར་གདུལ་བྱ་རྣམས་ཀྱི་མཆོག་ཏུ་འགྱུར་རོ་ཞེས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་ཀླུ་སྒྲུབ་ཀྱི་སྤྲུལ་པར་ཡང་མངོན་ནོ། །གཞན་ཡང་རྗེ་བླ་མས་འདི་འབའ་ཞིག་རྗེས་སུ་འཛིན་པའི་ཕྱིར་བྱོན་པ་ཡིན་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་རྗེ་ལ། ཟླ་བ་བཟང་པོ་ཁྱོད་ཀྱིས་རིགས་ལྡན་གྱི་རྒྱལ་པོ་པདྨ་དཀར་པོ་དང་འཇམ་དཔལ་གྲགས་པ་གཉིས་རྗེས་སུ་བཟུང་ཞིག ཁྱད་པར་དུ་འཇམ་དཔལ་གྲགས་པ་རྗེས་སུ་ཟུངས་ཤིག ཅེས་གསུང་ངོ་། །དེའི་པདྨ་དཀར་པོ་ནི་རྒྱལ་ཚབ་རྗེ་ཡིན་ལ། །འཇམ་དཔལ་གྲགས་པ་མཁས་གྲུབ་རྗེ་ཡིན་ནོ། །

        དེས་ན་མཁས་གྲུབ་རྗེ་འབའ་ཞིག་རྗེས་སུ་འཛིན་པའི་ཕྱིར་དུ་བྱོན་པར་མངོན་ལ། །བླ་མ་འདི་རྗེ་བླ་མ་ཁོ་ནའི་བསྟན་པ་འཛིན་པའི་ཕྱིར་བྱོན་པར་མངོན་ཏེ། །འཕགས་པ་ལྷ་ཞི་བ་ལྷ་སངས་རྒྱས་བསྐྱངས་གསུམ་བྱོན་ནས་མཐའ་འཁོབ་ཏུ་རྗེ་བཙུན་འཇམ་དབྱངས་བྱོན་ནས་བསྟན་པ་རྒྱས་པར་བྱེད་པ་ཡོང་བ་ཡིན། ཁྱོད་ཀྱང་དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས། རྗེ་བཙུན་གྱི་ཞབས་རྡུལ་སྤྱི་བོས་བསྟེན་ཅིང་གསུང་ཉམས་སུ་ལོང་ལ་སྒྲུབ་པ་སྙིང་པོར་གྱིས་ཅེས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པར་ངེས་ཤེས་ཁྱད་པར་ཅན་འདྲོངས་སོ། ། སྐུ་སྐྱེ་སྔ་མ་གཅིག་ལ་རྗེ་བཙུན་འཇམ་དབྱངས་བྱོན་ནས་མཐའ་འཁོབ་ཀྱི་སེམས་ཅན་རྨོངས་པ་བླང་དོར་གྱི་གནད་མི་ཤེས་པ་ཚོ་སྙིང་རེ་རྗེ། འཁོར་བར་འཁྱམས་པ་མ་རིག་པས་ལན་པས་ལམ་ལོག་པར་སོང་བ་ཡིན་ནོ། །

        ཁོ་བོས་དེ་དག་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཅིང་བློ་དམན་པའི་བསམ་པ་དང་བསྟུན་ནས་དགེ་སློང་གི་ཚུལ་དུ་འོང་གི །ཁྱོད་ཀྱང་ངའི་གདུལ་བྱ་ཡིན་པས་དེར་འོང་བར་གྱིས་ཞེས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་ཡིད་ཆེས་པར་གྱིས་ཤིག ཡང་སྐུ་སྐྱེ་སྔ་མ་གཅིག་ལ་བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་ནས། མཐའ་འཁོབ་མུན་པའི་གླིང་དུ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དངོས་སུ་བྱོན་ནས་འགྲོ་བའི་དོན་བྱེད་པར་ཡོད་པས། དེའི་ཞབས་རྡུལ་སྤྱི་བོས་སྟེན་ལ་དེའི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག་ཅེས་གསུང་ངོ་། །ཡང་དེར་རྒྱ་གར་བའི་གྲུབ་ཆེན་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ལ་གསང་བའི་ཡི་དམ་བཅའ་བ་ཡིན་གསུང་ངོ་། །

        དེར་བླ་མ་འདིས་ཁྱེད་འཁོར་ལོ་བདེ་མཆོག་གི་གྲུབ་ཐོབ་ཀྱི་གཙོ་བོ་ཡིན་པ་ལ། གཤིན་རྗེ་གཤེད་ལ་ཡི་དམ་བཅའ་བ་དང་འགལ་བ་མེད་མོད། །འོན་ཀྱང་ཇི་ལྟར་ཅེས་ཞུས་པས། ཧ་ཧ་ཞེས་བཞད་གད་ཅིག་མཛད་ནས་ལ་ལི་ཏ་བཛྲ་དང་ངེད་གཉིས་གྲོགས་མཆེད་ཀྱང་ཡིན། །ཆོས་འབྲེལ་ཀྱང་ཕན་ཚུན་གཉིས་གར་ཡོད། །སྤྱིར་ངེད་རྒྱ་གར་བའི་པཎྜི་ཏ་ཐམས་ཅད་རྗེ་བཙུན་འཇམ་དབྱངས་ལ་བསྟེན་ལ། གྲུབ་ཆེན་རྣམས་གཤིན་རྗེ་གཤེད་བསྟེན་པ་ལ་དགོས་པ་ཁྱད་པར་ཅན་ཅིག་ཡོད་པ་ཡིན། ཡི་དམ་འདི་ལྟ་བུ་དང་མི་ལྡན་ན་སྙིགས་མ་ལྔའི་འགྲོ་བ་དང་དུག་གསུམ་དང་བདུད་བཞི་མི་ཐུལ་ཅེས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་རྗེ་བཙུན་འཇམ་དབྱངས་ཡིན་པར་ཤེས་སོ། །    

                                                                                                                        རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།