རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་རིན་པོ་ཆེའི་རིང་ལུགས་ཇི་ལྟར་དར་ཞིང་བཞུགས་པའི་ཚུལ་མདོ་ཙམ་བཤད་པ།
གཟིམས་ཆུང་སྦུག་ཏུ། མགོན་པོ་རྣམ་སྲས་སོགས་ཀྱི་ཞལ་ཐང་བཀའ་གཉན་པ་རྣམས་བཞུགས། བྱང་རྩེའི་གཟིམས་ཁང་དུ། སྔོན་ཐུབ་དབང་གླང་པོ་ཆེར་འཁྲུངས་པའི་རུས་པ་ལས་བཞེངས་པའི་སྟོན་པ་འཁོར་བཅས། རྗེ་རིན་པོ་ཆེ་བཀྲ་ཤིས་དོ་ཁ་མ། རྗེ་ལ་འབྲི་ཁུང་ཆོས་རྒྱལ་གྱིས་རྟེན་གནང་སྐབས་གསུང་བྱོན་པའི་རྡོ་རྗེ་རྣལ་འབྱོར་མ། ནཱ་རོ་པ་རྩེ་རྒྱན་དྲུག དབང་གི་པྲོག་ཞུ། དབང་བུམ་ཆུ་རྒྱུན་མི་འཆད་པ། གསང་འདུས་ཀྱི་བློས་བསླང་། མཁས་གྲུབ་རྗེའི་ནང་རྟེན་གསང་འདུས། བདེ་མཆོག གཤེད་དམར་སོགས་མང་པོ་བཞུགས། འདིའི་མགོན་ཁང་དུ། ནག་པོ་སྐོར་གསུམ་སོགས་མངོན་མཚན་ཅན་མང་དུ་བཞུགས།
བར་ཁང་དུ། འགྲེལ་བ་བཞི་སྦྲགས། ལམ་རིམ་ཆེ་ཆུང་། སྔགས་རིམ། རིམ་ལྔ་གསལ་སྒྲོན་སོགས་ཀྱི་པར་ཤིང་རྗེ་རིན་པོ་ཆེས་ཕྱག་ནས་མང་དུ་གནང་བ་རྣམས་བཞུགས། གཞན་ཡང་ཡངས་པ་ཅན་གྱི་འོག་ཏུ་རྗེ་ཡབ་སྲས་ཀྱིས་བསྟན་འགྲོ་ལ་གནོད་པའི་འབྱུང་པོ་གདུག་པ་ཅན་བཀུག་སྟེ་མནན་པའི་མཆོད་རྟེན་གཉིས། ཕྱིའི་བསྐོར་ལམ་དུ། རྗེ་རིན་པོ་ཆེ་ས་བྲག་ལ་ཕྱག་མཛུབ་བཙུགས་པ་ནས་ཐོན་པའི་བདུད་རྩི་ཆུ་མིག རྗེ་རིན་པོ་ཆེའི་ཕྱག་མཁར་འབུམ་པ། བྲག་ལ་རང་བྱོན་གྱི་ཡི་དམ་ཆོས་སྐྱོང་ཡིག་འབྲུ་མང་པོ། རྗེ་རིན་པོ་ཆེ་སོགས་དམ་པ་མང་པོའི་ཕྱག་རྗེས་ཞབས་རྗེས། ཆོས་རྒྱལ་གྱི་ཞལ་འབག་དང་དུང་དཀར་བཞེས་པའི་ཤུལ། རྗེ་རིན་པོ་ཆེའི་ཕྱག་མཛུབ་ཀྱིས་བྲག་ལ་བཞེངས་པའི་རྗེ་རང་གི་སྐུ། སྤྱན་རས་གཟིགས་ཕྱག་བཞི་པ་སོགས་བཞུགས་པ་ཡིན་ནོ། །
ཡང་གཙུག་ཁང་འདིར་རྗེ་རིན་པོ་ཆེའི་གདན་ས་ལ་རྒྱལ་ཚབ་རྗེ་ནས་བཟུང་སྟེ། ཡོན་ཏན་ཁྱད་པར་ཅན་ལ་མངའ་བརྙེས་པའི་བླ་མ་དམ་པ་རྣམས་བར་མ་ཆད་དུ་བཞུགས་ནས་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད་བཞིན་པ་ཡིན་ལ། ད་ལྟར་ཁྲི་ཐོག་རེ་བཞི་པ་བཞུགས་པའི་སྐབས་ཡིན་ནོ། །ལྷ་ཁང་ཆེན་མོའི་ཤར་ཕྱོགས་སུ་གྲྭ་ཚང་ཆགས་པ་ལ་ཤར་རྩེ་ཟེར་ཞིང་། དེའི་བླ་མའི་ཐོག་མ་ནི། རྗེའི་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་རིན་ཆེན་རྒྱལ་མཚན་ཡིན་ལ། བྱང་ཕྱོགས་སུ་བྱང་རྩེའི་གྲྭ་ཚང་ཆགས་པའི་བླ་མའི་ཐོག་མ་ནི་རྒྱལ་ཚབ་རྗེ་ཡིན། ཡང་ཉག་རོང་ཞེས་པའི་གྲྭ་ཚང་ཞིག་ཆགས་པའི་བླ་མའི་ཐོག་མ་མཚེ་མ་དབང་རྒྱལ་ཏེ། དེ་དག་ཀུན་གྱི་ཐོས་བསམ་བསྒོམ་པ་སོགས་ཆོས་ཀྱི་བྱ་བ་རྣམས་དར་ཞིང་རྒྱས་པར་བཞུགས་བཞིན་པ་ཡིན་ནོ། །
ད་ནི་རྗེ་རིན་པོ་ཆེའི་རིང་ལུགས་ཇི་ལྟར་དར་ཞིང་བཞུགས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟ་བུ་འབྱུང་བ་རྣམས་མདོ་ཙམ་བཤད་པར་བྱ་སྟེ། དེ་ཡང་བཀའ་གདམས་གླེགས་བམ་ལས། བྱང་རི་ལྷུན་པོ་བརྟན་པའི་རྩེར། །བྱང་ཆུབ་གནས་ཞེས་གྲགས་པའི་སར། །བདག་གིས་བྱིན་རླབས་སེང་གེའི་སྒྲ། །སྐུ་གདུང་དམ་པ་དེར་གནས་ཏེ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །དད་ལྡན་བརྒྱ་ཕྲག་དུ་མ་སྡུད། །ཤུགས་རིང་འདོན་ཅིང་མཆི་མ་འབྱིན། །གསོལ་བ་སྙིང་ནས་འདེབས་པར་བྱེད། །དེ་ལ་མཐུ་ཡོད་དབུང་ཡོད་ཀུན། །མ་ཡེངས་ད་ལྟ་བྱང་ཆུབ་གཉེར། །ཕྱི་ནས་བྱང་ཆུབ་རྙེད་དཀའ་བས། །བྱང་ཆུབ་མཆོག་ལ་བརྩོན་པར་མཛོད། །དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་ལྟས་ཀྱང་ལྷང་ངེར་གསལ། །བདག་གི་སྤྲུལ་པ་དམ་པ་ཅིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །རེས་ནི་གནས་དེ་སྐྱོང་བར་བྱེད། །རེས་འགའ་བྱིས་པའི་གཟུགས་སུ་འོང་། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུགས་ཀྱི་གཟུགས། །གྲགས་པ་ཅན་ནི་དགེ་སློང་ངོ་། །བསྟན་གནས་བར་དུ་ཡང་ཡང་འོང་། །དེ་ནི་རྒྱུད་པ་ཉིད་དང་མཚུངས། །ཁྲིམས་ལྡན་དེ་ཡིས་བྱིན་བརླབས་ཤིང་། །སྐྱེས་བུ་གསུམ་ནི་དོན་གཉེར་བའི། །བྱ་བ་མྱོང་པ་བརྒྱ་ཕྲག་ཙམ། །གནས་དེར་བསམ་གཏན་སྒོམ་པར་བྱེད། །དེ་ལའང་ཅུང་ཟད་ལྟ་བས་གནོད། །འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །བསམ་གཏན་ཆགས་སྡང་དག་ལ་མཆོར། །འོན་ཀྱང་སྤྲུལ་པས་བྱིན་བརླབས་པས། །ལྷ་དང་བཅས་པས་མཆོད་པའི་གནས། །བཀུར་འོས་ཉིད་དུ་ངེས་པར་འགྱུར། །མདོར་ན་གནས་མཆོག་དེ་དག་ཏུ། །དང་པོ་བཞི་གྲྭ་ནས་བཟུང་སྟེ། །ཐ་མར་སྟོང་ཕྲག་ཕྱེད་དང་གསུམ། །བ་སྲབ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་གྱུར། །གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས། །འདུན་ལྡན་དཔག་མེད་འདུ་བར་འགྱུར། །སྤྱིར་ཡང་ལས་ཅན་ཕྱོགས་བཅུར་འཕྲོ། །ཕྱི་ཡི་རྒྱ་མཚོ་དག་དང་མཚུངས། །ཆུ་བོ་བརྒྱ་ཡིས་གང་མི་ནུས། །དེ་ཙམ་ཞིག་གིས་དམའ་མི་ནུས། །ཞེས་གསུངས་པ་ལྟར་ཏེ།
དེའི་དོན་ཅུང་ཟད་འགྲེལ་ན། བྱང་རི་ཞེས་སོགས་ནི་དགའ་ལྡན་གྱི་གནས་ཀྱི་དབྱིབས་དང་། རྗེ་རིན་པོ་ཆེས་མ་འོངས་དུས་ཀྱི་སློབ་མ་རྣམས་ཀྱི་ཆོས་ལ་གེགས་བྱེད་པའི་བདུད་བཅོམ་ནས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པའི་གནས་བསྟན་པའོ། །བདག་གིས་བྱིན་བརླབས་ཞེས་པ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ཁྲིར་བཞུགས་པའི་གནས་ནི་དགའ་ལྡན་གྱི་རི་འདི་ཡིན་ཞིང་། དེ་དུས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་འབེབས་པ་སོགས་ཀྱིས་བྱིན་གྱིས་བརླབས་པ་ཡིན། སེང་གེའི་སྒྲ་ཞེས་པ་ནི་རྗེ་རིན་པོ་ཆེས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་ནས་བཤད་སྒྲུབ་ཀྱི་བྱ་བ་རྣམས་དར་ཞིང་རྒྱས་པའི་དོན་ནོ། །སྐུ་གདུང་དེར་གནས་པ་ནི་རྗེའི་གསེར་གདུང་ཆེན་མོ་བསྐལ་པའི་བར་དུ་འགྲོ་བའི་དོན་དུ་བཞུགས་པའི་དོན་ནོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn