རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་གྱི་སྐོར་གཉིས་པ།
ཡངས་པ་ཅན་གྱི་སྦུག་ཏུ་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་བཞེངས་པའི་གཙང་ཁང་ལྷོ་མ་འདིའི་དབུས་ཀྱི་གཙོ་བོ། ཐུབ་པ་བདུད་འདུལ་ལྷ་སའི་ཇོ་བོ་རིན་པོ་ཆེ་ལས་སྐུ་ཚད་མཐོ་གང་ཙམ་ཆེ་བ་རྒྱུ་ཟངས་གསེར་ལས་གྲུབ་པ་འདིའི་ནང་བཞུགས་འགངས་ཆེ་བ་མཐའ་ཡས་ཀྱང་གསལ་བར་མི་འཆད་ཅིང་རྗེ་རང་ལ་ལེགས་ཉེས་ཀྱི་བྱ་བ་ཐམས་ཅད་འདིས་ལུང་སྟོན་པར་མཛད་པ། ཐུབ་དབང་ཚུལ་ཁྲིམས་མར་གྲགས་པ་ཡིན། འདིའི་བཞུགས་ཁང་གསེར་ཟངས་ལས་གྲུབ་པ་རྒྱ་ཕིབས་ཉིས་བརྩེགས་རྒྱབ་ཡོལ་དྲུག་འགྱོགས། མདུན་དུ་འབྲུག་ཤ་འགྱུར་དང་བཅས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་ཕོ་ལྷ་ཇུན་དབང་བསོད་ནམས་སྟོབས་རྒྱས་ཀྱིས་དད་པས་བཞེངས་པ་ཡིན།
དེའི་གཡོན་དུ་རྒྱལ་ཚབ་རྗེའི་རྟེན་འོད་དཔག་མེད། མཁས་གྲུབ་རྗེའི་རྟེན་ཐུབ་དབང་། དག་པ་རྣམ་བརྒྱད་ཀྱི་ཐུ་བོ་འཇམ་དཀར་བ་དཔལ་ལྡན་བཟང་པོའི་གདུང་རྟེན། བླ་མ་རིན་ཆེན་འོད་ཟེར་བའི་རྟེན་འོད་དཔག་མེད་རྣམས་བཞུགས། གཡས་ངོས་སུ། བ་སོ་ཆོས་རྒྱན་གྱིས་བཞེངས་པའི་རྒྱལ་བ་སེང་གེའི་ང་རོ། སེམས་དཔའ་གཉིས་བཅས། སྡེ་བ་སྐྱིད་ཤོད་པས་བཞེངས་པའི་ཐུབ་དབང་། སྟག་རྩེ་པས་བཞེངས་པའི་བྱམས་པ། སྐྱིད་ཤོད་སྤྲུལ་སྐུའི་གདུང་རྟེན། ཁྲི་ཆེན་བློ་བཟང་དར་རྒྱས་ཀྱི་གདུང་རྣམས་སོ། །གཙོ་བོའི་གཡས་སུ་ཁྲི་ཐོག་ང་བཞི་པ་ངག་དབང་མཆོག་ལྡན་པས་བཞེངས་པའི་དངུལ་གདུང་། ང་གསུམ་པ་རྒྱལ་མཚན་སེང་གེས་བཞེངས་པའི་དངུལ་གདུང་རྣམས་སོ། ། མགོན་ཁང་དུ། རྟེན་གྱི་གཙོ་བོ་རྡོ་རྗེ་འཇིགས་བྱེད། དེའི་གཡོན་དུ་གཤིན་རྗེ་ཆོས་རྒྱལ་ཙ་མུཎྜི་བཅས་རྗེ་རང་ཉིད་ཀྱིས་བཞེངས་པ་བྱིན་རླབས་ཆེ་བ་ཡིན་ནོ། །
གཡས་སུ་མགོན་པོ་ཕྱག་དྲུག ལྷ་མོ་ཕྱག་བཞི་མ། གནོད་སྦྱིན་བཞིའི་སྐུ་བཞེངས་ཞེས་ཞལ་ཆེམས་ལས་བྱུང་བ་ལྟར་རྒྱལ་ཚབ་འདུལ་འཛིན་གཉིས་ཀྱིས་བཞེངས། མཁས་གྲུབ་རྗེའི་ཐུགས་དམ་རྟེན་རོལ་བའི་སྟབས་ཀྱིས་བཞུགས་པའི་མགོན་པོ་ཕྱག་དྲུག་པ་རྣམས་སོ། །བློས་བསླང་ལྷ་ཁང་དུ་དབུས་སུ་གསང་འདུས། ཤར་དུ་བདེ་མཆོག ནུབ་ཏུ་རྡོར་དབྱིངས་ཀྱི་བློས་བསླང་སྟེ་གསུམ་ག་རྗེ་རིན་པོ་ཆེས་བཞེངས་པའོ། །ཡང་བྲག་སྒོམ་ཆེན་པོའི་མཆོད་རྟེན་སོགས་མཆོད་རྟེན་དྲུག་བཞུགས་སོ། །ལི་མ་ལྷ་ཁང་དུ། གོང་མ་གྲགས་པ་རྒྱལ་མཚན་གྱིས་རྗེ་རིན་པོ་ཆེ་ལ་ཕུལ་བའི་ཐུབ་པ་བདུད་འདུལ་མ། རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླང་ངོ་མཚར་ཅན། རྗེའི་ཐུགས་དམ་རྟེན་ལི་མ་དང་གསེར་སྐུ་བརྒྱ་ཕྲག་མང་པོ་བཞུགས།
བློ་གྲོས་ཆོས་སྐྱོང་གིས་བཞེངས་པའི་གསར་མ་ལྷ་ཁང་དུ། རྗེ་དེ་ཉིད་ཀྱིས་བཞེངས་པའི་ཐུབ་པ། དངུལ་གདུང་། རྗེ་རིན་པོ་ཆེའི་སྨན་སྐུ། གཡས་སུ་ཐུབ་དབང་། འོད་དཔག་མེད། སྨན་བླ། བློ་གྲོས་ཆོས་སྐྱོང་གི་གསེར་སྐུ། གཡོན་དུ་རྒྱལ་བ་བྱམས་པ། བྱང་སེམས་གཉིས། མི་གཡོ་བ་དཀར་པོ་འཁོར་གཉིས་བཅས། འཇམ་དབྱངས། ཐུབ་དབང་། ཡང་མཆོད་རྟེན་གཉིས་དང་། གསུང་རྟེན་མང་དུ་བཞུགས། བླ་མ་ལྷ་ཁང་དུ། རྗེ་རིན་པོ་ཆེའི་དངུལ་སྐུ་གསུམ། གསེར་སྐུ་གཉིས། སྨན་བླ། པཎ་ཆེན་ཆོས་རྒྱན། ཇོ་བོ་རྗེ། འབྲོམ་སྟོན། རྒྱལ་དབང་ལྔ་པ་རྣམས་ཀྱི་སྐུ། རྗེའི་རྣམ་ཐར་དང་ཇོ་བོའི་རྣམ་ཐར་གྱི་སྐུ་ཐང་། གནས་བསྟན་བཅུ་དྲུག་སོགས་ཀྱི་ལི་ཐང་ཉེར་དྲུག རྗེའི་གསུང་འབུམ་པོ་ཏི་བཅུ་དྲུག་དམ་འབྱར་མ། གསེར་གྱི་བཀའ་འགྱུར་རྣམས་བཞུགས། བདེ་གཤེགས་ལྷ་ཁང་དུ། དངུལ་གྱི་མཆོད་རྟེན་བརྒྱད། དགའ་ལྡན་ཁྲི་བ་དྲུག་གི་དངུལ་གདུང་དྲུག་བཞུགས།
སྟེང་གི་བླ་མ་ལྷ་ཁང་དུ། ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས་ཀྱི་མཆོད་རྟེན་སོགས་གདུང་རྟེན་བཅུ་བཞུགས། ཡངས་པ་ཅན་གྱི་གཡོན་ཟུར་གྱི་བྱམས་ཁང་དུ། རྒྱ་གར་ནས་འཕུར་ཏེ་བྱོན་པར་གྲགས་པའི་རྒྱལ་བ་བྱམས་པ། བུམ་པའི་ནང་དུ་འཇིགས་བྱེད་ལྷ་བཅུ་གསུམ་བཞུགས་པའི་དངུལ་གདུང་། རྒྱལ་བ་བྱམས་པ། འོད་དཔག་མེད། རྗེ་རིན་པོ་ཆེའི་གསེར་སྐུ་རྣམས་བཞུགས། རྗེ་རིན་པོ་ཆེའི་གཟིམས་ཁང་དུ། བློས་བསླང་གསུམ་གྱི་ལུགས་ཕུད་ལ་བྱོན་པའི་འཇའ་ཚོན་མ། དེ་དུས་བཞེངས་པའི་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་དང་། ལི་མ་མང་པོ། རྗེ་རིན་པོ་ཆེའི་ཕྱག་དཔེ། ན་བཟའ་སྐུ་ཆོས་སོགས་སྣ་ཚང་། བཞུགས་འབོལ་ཕྱག་དམ་དང་བཅས་པ། འོད་གསལ་ཕུག་ཏུ། འཁོར་ཆེན་གྱི་བློས་བསླང་། ལྡེབས་བྲིས་ལ་རྗེ་འོད་ཕེར་མ་ཞེས་གྲགས་པའི་བྱིན་རླབས་ཅན་རྣམས་བཞུགས། འདུ་ཁང་ཆེན་མོའི་ཕུག་ཏུ། རྗེས་ཆོས་གསུངས་པའི་སེང་ཁྲི། བྱམས་མགོན་དང་རྗེ་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན། སྟེང་གི་ཐོག་ཏུ་གསེར་གྱི་བཀའ་འགྱུར་བཞུགས། ལྔ་མཆོད་ཁང་དུ། རྗེ་རིན་པོ་ཆེའི་ཚེམས་ལས་གྲུབ་པའི་འཇམ་དབྱངས་རིང་བསྲེལ་འཕེལ་བཞིན་པ། རྗེའི་ནང་རྟེན་གདུགས་དཀར་ཕྱག་སྟོང་མ། རྗེ་རིན་པོ་ཆེའི་འདྲ་སྐུ་མཁས་གྲུབ་རྗེའི་ཕྱག་བཟོ་རྣམས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn