རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་རིན་པོ་ཆེའི་སྤྲུལ་པའི་སྐུའི་མཛད་པ་ཅུང་ཟད་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 11:01:57     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

                     ད་ནི་རྗེ་རིན་པོ་ཆེའི་སྤྲུལ་པའི་སྐུའི་མཛད་པ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་ཕྱོགས་བཅུའི་འཇིག་རྟེན་གྲངས་མེད་པ་རྣམས་སུ་གང་ལ་གང་གིས་ཕན་པར་འགྱུར་བ་དེ་ལ་དེ་འདྲའི་སྤྲུལ་པ་བསྟན་ནས་བསྟན་འགྲོའི་དོན་མཛད་པར་གསུངས་པས་བརྗོད་ཀྱིས་མི་ལང་བ་ཡིན་ལ། འོན་ཀྱང་འདིར་དད་པ་སྤེལ་བའི་ཕྱིར་འགའ་ཟུར་ཙམ་བརྗོད་པར་བྱའོ། །དེ་ཡང་མདོ་སྡེ་གདམས་ངག་འབོགས་པ་ལས། འདི་ནས་འཕོས་ནས་ཤར་ཕྱོགས་སུ། །རྨད་བྱུང་བཀོད་པའི་ཞིང་ཁམས་སུ། །སེངྒེའི་ང་རོ་ཞེས་བྱ་བའི། །རྒྱལ་བ་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་པ་ལྟར། སྤྲུལ་པ་གཅིག་ནི་བྱང་ཤར་མཚམས་ཀྱི་རྨད་བྱུང་བཀོད་པའི་ཞིང་དུ་རྒྱལ་བ་སེང་གེའི་ང་རོར་གྱུར་ཏེ་མདོ་སྔགས་ཟུང་འབྲེལ་ཀྱི་ཆོས་གསུངས་ནས་འགྲོ་བ་མང་པོ་འདྲེན་པར་མཛད་པ་སྟེ། འདི་ནི་ལེའུ་དང་པོར་བརྗོད་ཟིན་ཏོ། །

        ཡང་ལྷོ་བྲག་གྲུབ་ཆེན་ལ་ཕྱག་རྡོར་གྱིས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱཀྱའི་རྒྱལ་པོའི་དྲུང་དུ་ཐུགས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ། །མྱུར་དུ་འཚང་རྒྱ་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་པ་ལྟར། སྤྲུལ་པ་གཅིག་ནི་དགའ་ལྡན་དུ་བྱམས་པའི་དྲུང་དུ་འཇམ་དཔལ་སྙིང་པོ་ཞེས་པར་གྱུར། ཡང་ཕྱག་ན་རྡོ་རྗེས། འདིའི་ཕྱི་མ་ལ་དགའ་ལྡན་དུ་འཇམ་དཔལ་སྙིང་པོ་དང་དེའི་རྟིང་མར་འཛམ་གླིང་འདིའི་གཞན་གཅིག་ཏུ་ཆོས་ཀྱི་རྒྱལ་པོ་ཆེན་པོ་འགྲོ་དོན་རླབས་ཆེན་མཛད་པ་གཅིག་དང་། སྐྱེ་བ་གསུམ་པ་འཛམ་གླིང་འདིའི་ཤར་ཕྱོགས་རི་རྩེ་ཞེས་བྱ་བའི་གཙུག་ལག་ཁང་དུ་པཎྜི་ཏ་ཉྫཱ་ན་ཞེས་བྱ་བ་འཁོར་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ཡན་ཆད་ལ་གནས་པ་ཤ་སྟག་གི་འཁོར་སྟོང་འདུ་བ་ཡིན་ཞེས་གསུངས།

        ཡང་བདེ་བ་ཅན་དུ་སྐྱེ་བ་དང་། ཡེ་ཤེས་དབང་པོ་ཞེས་པའི་སངས་རྒྱས་སུ་འགྱུར་བར་གསུངས་པའང་ཡོད་དོ། །ཡང་བསྟན་པ་ཇི་སྲིད་གནས་ཀྱི་བར་ཡང་ཡང་འོང་བའི་ཚུལ་བཀའ་གདམས་གླེགས་བམ་ལས། བདག་གི་སྤྲུལ་པ་དམ་པ་ཅིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །དེ་ནི་གནས་དེ་སྐྱོང་བར་བྱེད། །རེས་འགའ་བྱིས་པའི་གཟུགས་སུ་འོང་། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡི་གེ་འབྲུ་ཡི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ་། །བསྟན་གནས་བར་དུ་ཡང་ཡང་འོང་། །ཞེས་གསུངས་ཏེ། གྲགས་པ་ཅན་ནི་རྗེ་རིན་པོ་ཆེའོ། །གནས་དེ་སྐྱོང་བ་ནི་དགའ་ལྡན་སོགས་ཀྱི་དགོན་སྡེ་མང་པོ་སྐྱོང་བའི་དོན་ནོ། །

        གསོལ་འདེབས་དབྱངས་ཀྱི་གཟུགས་ནི་དམིགས་བརྩེ་མ་སོགས་སོ། ། ཡང་བསྐལ་བཟང་གི་སངས་རྒྱས་སྟོང་གི་བཅུ་གཅིག་པ་སངས་རྒྱས་སྤྱན་ལེགས་ནི་རྗེ་འདིའི་སྤྲུལ་པ་ཡིན་པར་གསུངས་ལ། དེ་ནི་མདོ་ཉིད་ལས། དེ་བཞིན་བཤེགས་པ་སྤྱན་ལེགས་ཀྱི་འཁྲུངས་པའི་ཡུལ་ནི་བཟང་བྱེད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་གཉིས་སོ། །ཡབ་ནི་རིན་ཆེན་ཞེས་བྱའོ། །ཡུམ་ནི་ས་ལ་ཅན་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་བ་ནི་དགའ་བའི་གནས་ཞེས་བྱའོ། །ཤེས་རབ་ཅན་གྱི་མཆོག་ནི་བློ་གྲོས་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་གྱི་མཆོག་ནི་སེངྒེའི་འགྲོས་ཞེས་བྱའོ། །འདུས་པ་དང་པོ་ལ་ཉན་ཐོས་སུམ་འབུམ། གཉིས་པ་ལ་ཉིས་འབུམ་བརྒྱད་སྟོང་། གསུམ་པ་ལ་སུམ་འབུམ་དྲུག་སྟོང་སྙེད་ཀྱི་ཉན་ཐོས་ཀྱི་ཚོགས་འདུའོ། །

        ཚེ་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་དུང་ཕྱུར་ཕྲག་གསུམ་གྱི་ལོའི་བར་དུ་གནས་པར་འགྱུར། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྔ་མ་བཅུ་པོ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་དེ་བཞིན་གཤེགས་པ་འདི་གཅིག་པུས་མཛད་པར་འགྱུར་རོ། །ཞེས་གསུངས་ཏེ། །སངས་རྒྱས་འདིའི་སྐུ་ཚེ་རིང་བ་དང་། བསྟན་པ་གནས་པའི་ལོ་མང་བ་དང་། དེའི་གོང་གི་སངས་རྒྱས་བཅུའི་མཛད་པ་མཐའ་དག་མཛད་པར་གསུངས་པས་ན། དེའི་བསྟན་པ་དང་མཇལ་ན་གཏན་གྱི་འདུན་མ་བདེ་བླག་ཏུ་འགྲུབ་པར་ངེས་སོ། །སྤྱིར་ཡང་ད་ལྟ་རྗེ་འདིའི་བསྟན་པ་དང་མཇལ་བ་ཐམས་ཅད་སྤྲུལ་པ་མང་པོ་དེ་དག་གི་གང་རུང་ཅིག་དང་ཡང་ཡང་མཇལ་ནས་རིམ་གྱི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །

        རྗེ་རིན་པོ་ཆེས་བསྟན་འགྲོའི་དོན་དུ་གསུང་རབ་མང་པོ་བཀའ་རྩོམ་དུ་གནང་བ་ལས། བསྟོད་པ་གསོལ་འདེབས་སོགས་ཀྱི་སྐོར་ནི། ལམ་རིམ་བརྒྱུད་འདེབས་ལམ་མཆོག་སྒོ་འབྱེད། ཉེ་བརྒྱུད་གསོལ་འདེབས། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ། རྗེ་རེད་མདའ་པའི་བསྟོད་པ་གསུམ། གྲགས་པ་བྱང་ཆུབ་པའི་གསོལ་འདེབས་གཉིས། ས་སྐྱ་བའི་གསོལ་འདེབས། བླ་མ་དམ་པ་བསྟོད་རྒྱན་གྱི་བསྟོད་པ། བློ་གྲོས་སེང་གེའི་བསྟོད་པ། ལྷོ་བྲག་གྲུབ་ཆེན་གྱི་བསྟོད་པ། སྐྱབས་མཆོག་པའི་བསྟོད་པ། བླ་མ་ཆོས་ཀྱི་རྒྱལ་པོའི་བསྟོད་པ། སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་བྱིན་རླབས་ཉེར་འཇུག བསྟོད་པ་ལེགས་བཤད་སྙིང་པོ། སྟོན་པའི་མཛད་པ་བྲིས་པའི་སྨོན་ལམ། འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད། ཉི་གཞོན་འཆར་ཀ་མ། དྲི་མེད་མ། བདེ་བ་ཅན་ཞིང་བཀོད་ཀྱི་སྨོན་ལམ་གཉིས། རྒྱལ་བ་ཀུན་གཟིགས་ཀྱི་ཞིང་བཀོད་སྨོན་ལམ། མི་འཁྲུགས་པའི་བསྟོད་པ། མཐོང་བ་དོན་ལྡན་གྱི་བསྟོད་པ། རྡོ་རྗེ་རྣམ་གནོན་གྱི་བསྟོད་པ། སྨན་བླའི་བསྟོད་པ། ཐུགས་རྗེ་ཆེན་པོའི་བསྟོད་པ། ཁ་སར་པ་ཎིའི་བསྟོད་པ། བྱམས་བསྟོད་གཉིས། རྫིང་ཕྱིའི་སྨོན་ལམ། རྫིང་ཕྱིའི་གཉེར་གཏད། བྱམས་བསྟོད་ཤོ་ལོ་ཀ འཇམ་པའི་དབྱངས་ཀྱི་བསྟོད་པ་བཞི། འཇམ་དབྱངས་ཀྱི་རྣམ་ཐར་བཞེངས་པའི་སྨོན་ལམ། བུམ་པ་བསྣམས་པའི་འཇམ་དབྱངས་ཀྱི་སྨོན་ལམ། སྨྲ་སེང་གི་བསྟོད་པ། འཇམ་དཀར་བསྟོད་པ། འཇིགས་བྱེད་ཕྱག་གཉིས་པའི་བསྟོད་པ། མི་གཡོ་བའི་བསྟོད་པ། འདིའི་སྨོན་ལམ། རྣམ་འཇོམས་ཀྱི་བསྟོད་པ། ཕྱག་རྡོར་གྱི་བསྟོད་པ་གསུམ། རྣམ་རྒྱལ་མའི་བསྟོད་པ་གཉིས། གདུགས་དཀར་གྱི་བསྟོད་པ་གཉིས། དབྱངས་ཅན་མའི་བསྟོད་པ་གཉིས། ཤེས་རབ་གསལ་བྱེད་མའི་བསྟོད་པ། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ། བདེ་བ་ཅན་གྱི་ཞིང་བཀོད། སྟོབས་བཞིའི་བཤགས་པ། ལྷ་ས་སྨོན་ལམ་གྱི་ཆོ་ག ཐོག་མཐའ་བར་སྨོན་ལམ། སྨོན་ལམ་དཔག་ཡས་བསྐལ་བ་མ། ཡུམ་འབུམ་པ་སོགས་ཀྱི་སྨོན་ལམ་གཉིས། ཉི་ཁྲིའི་སྨོན་ལམ། གཤིན་བསྔོ་གཉིས། གསོན་བསྔོ་གསུམ། བླ་མའི་རྣལ་འབྱོར་མཁས་གྲུབ་ཆིག་རྒྱུད། བ་སོ་ཆིག་རྒྱུད། བླ་མའི་རྣལ་འབྱོར་བསྡུས་པ་རྣམས་སོ། །

                                                                  རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།