རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་གདུང་ཆེན་མོ་བཞེངས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-21 20:13:52     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

 4175448ctad53fb6957f6&690.gif

        དེ་ནས། རྗེ་རིན་པོ་ཆེའི་ཞལ་སྔ་ནས་སྔར་འབྲས་སྤུངས་སུ་བཞུགས་པའི་སྐབས་སུ་ཞལ་ཏ་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དངུལ་སྐུ་ཆེན་མོ་ཡང་ལེགས་པར་གྲུབ་སྟེ། རབ་ཏུ་གནས་པ་ཚུལ་བཞིན་དུ་མཛད་དོ། །དེ་ཡང་སྐུ་དེ་བཞེངས་པའི་དགོངས་པ་གང་ཡིན་ཞེས་འགའ་ཞིག་གླེང་བར་བྱེད་མོད་ཀྱི། དེ་ནི་རྗེ་རང་ཉིད་ཀྱི་ཞལ་སྔ་ནས་སྔར་བདེ་མཆོག་དང་། གསང་འདུས་དང་། རྡོར་དབྱིངས་ཀྱི་གཞལ་ཡས་ཁང་རྨད་དུ་བྱུང་བ་འདི་དག་བཞེངས་པའི་དགོངས་པའི་གཙོ་བོ་ནི། བླ་མེད་དང་ཡོ་གའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་འཆད་ཉན་ལེགས་པར་ཉམས་པ་འདི་ཅུང་ཟད་གསོ་ཨེ་ཐུབ་བསམས་ནས། དེའི་རྟེན་འབྲེལ་སྒྲིག་པའི་ཆེད་དུ་བཞེངས་པ་ཡིན། ད་དུང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་འདི་ལ་བཤད་པ་གཅིག་གི་སྲོལ་ཅུང་ཟད་ཙམ་མ་ཚུགས་ན། རྒྱུད་སྡེ་བཞིའི་ཡ་གྱལ་གཅིག་གཏན་མེད་དུ་ནུབ་སོང་ལ་ཁད་འདུག་པས། དེའི་རྟེན་འབྲེལ་ཅིག་སྒྲིག་དགོས་ཞེས་གསུང་པ་དེ་ལ་དགོངས་པ་ཡིན་པར་གདོན་མི་ཟ་བས་སོ། །

        དེ་ནས་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་ལས་བཞེངས་ནས། སྐུ་གདུང་ཞུགས་ལ་གཞེན་པ་དང་། མ་ཉམས་པར་བཞུགས་པ་ཇི་ལྟར་བྱ་ཞེས་བཀའ་བགྲོ་བ་མཛད་པ་ལས། མ་ཉམས་པར་བཞུགས་ན་བསྟན་པའི་རྒྱུན་ལ་ཤིན་ཏུ་ཕན་པའི་དགོས་པ་ཆེ་བར་དགོངས་ཏེ། མ་ཉམས་པར་བཞུགས་སུ་གསོལ་བ་ལ་ཐག་བཅད་ནས། སོ་སོ་ནས་དད་པས་ཕུལ་བའི་དངུལ་བྲེ་ཆེན་བཅོ་བརྒྱད་ཙམ་ལས་གྲུབ་པའི་གདུང་རྟེན་ཆེན་པོ། རིན་པོ་ཆེའི་ཕྲ་སྣ་ཚོགས་པ་བཀོད་པས་སྤྲས་པ་བཞེངས་ཏེ། དེའི་བུམ་པར་སྐུ་གདུང་སྣམ་སྦྱར་གྱིས་ལེགས་པར་གཡོགས་ཏེ་ཙན་དན་འབའ་ཞིག་ལས་བསྒྲུབས་པའི་སྒྲོམ་དུ་བཅུག་ནས་བཞུགས་སུ་གསོལ་ལོ། །

        དེའི་རྗེས་སུ་སྣེ་གདོང་དང་འབྲི་ཁུང་ནས་ཐོག་དྲངས་པའི་སྦྱིན་བདག་བུ་སློབ་རྣམས་ཀྱིས། ཞོ་སྟོང་ཕྲག་དང་བརྒྱ་ཕྲག་བགྲངས་པའི་གདུང་འབུལ་བྱུང་བ་རྣམས་དང་། གཞན་ཡང་ཕྱོགས་ཕྱོགས་སུ་ཟངས་ཀྱི་དད་འབུལ་བསྐུལ་བའི་ཞལ་ཏ་མཛད་ནས་ཟངས་ཀྱི་འབུལ་བ་བྱུང་བ་རྣམས་ལ་བརྟེན་ཏེ། སློབ་དཔོན་རིན་པོ་ཆེ་པ་རྣམ་གཉིས་ཀྱིས་ཞལ་ཏ་མཛད་ཅིང་། ནང་རྟེན་གྱི་གསེར་སྐུ་ཆེན་མོ། ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཁྲུ་གང་དུ་ཉེ་བས་ཆེ་བ་ཤིན་ཏུ་བྱོན་ལེགས་ཤིང་རྨད་དུ་བྱུང་བ་དང་། སྐུ་གདུང་དང་། ནང་རྟེན་བཞུགས་པའི་སླད་དུ་གཙུག་ལག་ཁང་ཤིན་ཏུ་ཆེ་ཤིང་ལེགས་པ་དང་བཅས་པ་གསར་ཏུ་བཞེངས་ཏེ། བྱི་བ་ལོའི་ནང་དུ་རབ་ཏུ་གནས་པ་ཡན་ཆད་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་པར་མཛད་ལ།

        དེ་ཡང་། སྐུ་གདུང་གཙུག་ལག་ཁང་གསར་པར་གདན་འདྲེན་པའི་ཚེ་ནམ་མཁའ་འཇའ་ཚོན་གྱིས་ཁྱབ་ཅིང་། མེ་ཏོག་གི་ཆར་བར་སྣང་གང་བ་བབས་སོ། །མཆོད་རྟེན་དེའི་རྒྱབ་ནི་ལྷོ་ནུབ་ཀྱི་མཚམས་དང་། མདུན་ནི་བྱང་ཤར་གྱི་མཚམས་སུ་བསྟན་པར་མཛད། དེ་ཡང་རྒྱབ་གཙང་ཕྱོགས་སུ་བསྟན་པ་ནི་གཙང་ནས་བར་མ་ཆད་དུ་བླ་མ་བདུན་དགའ་ལྡན་ཁྲིར་བཞུགས་ནས་བསྟན་པ་རྒྱས་པར་མཛད་པ་སོགས་ཡོད་ལ། ཞལ་བྱང་ཤར་དུ་བསྟན་པ་ནི་རྒྱ་སོག་གི་འགྲོ་བ་མང་པོ་བསྟན་པའི་སྦྱིན་བདག་ཏུ་གྱུར་ཏེ་བསྙེན་བཀུར་གྱིས་ཚོགས་བསག་པ་སོགས་འགྲོ་བ་མང་པོ་ལ་ཕན་པའི་དགོས་པ་ཡོད་དོ། །

        གཞན་ཡང་བྱི་ལོ་ཟླ་བ་བཅུ་པ་ལ་དགེ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས། དཀྱིལ་འཁོར་དཔག་ཏུ་མེད་པ་སྒྲུབ་ཅིང་མཆོད་པའི་དུས་ཀྱི་མཆོད་པ་ཞག་དུ་མའི་བར་དུ་བསྒྲུབས་པ་ནི། ཉི་མ་དང་པོ་དང་། རྗེས་མ་ལ་མེ་ཏོག་གི་ཆར་བབས་པ་ནི། མེ་ཏོག་མུ་ཏིག་གི་མདོག་ལྟ་བུ་ཆུང་ངུ་འདབ་མ་དྲུག་པ་ལ་སོགས་པ་ཡུ་བ་དང་བཅས་པ་བབ་ཅིང་། ཉེར་ལྔའི་ཉིན་མེ་ཏོག་ཆུང་ངུ་དེ་ལྟ་བུ་ནི་ས་ལ་ཁ་བ་ལྟར་ཆགས་པ་དང་། གཞན་ཡང་མེ་ཏོག་འདབ་མ་དྲུག་པ་ལ་སོགས་པ་ཁ་ཅིག་གི་མདོག་ནི་དུང་དང་། ཁ་ཅིག་ནི་གསེར་བཙོ་མ་དང་། ཁ་ཅིག་ནི་ལི་ཁྲི་ལྟ་བུ་དང་། ཁ་ཅིག་ནི་རྒྱ་མཐིང་བཟང་པོས་བྱུགས་པ་ལྟ་བུ་མི་ཆེན་པོའི་ལག་པའི་ཁྱོན་ཙམ་པ་དཔག་ཏུ་མེད་པ་བབས་པ་དང་།

        དེའི་ཚེ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་པའི་དྲུང་ནས། རག་བྲག་ཏུ་ཆོས་རྗེ་ཤཱཀྱ་ཡེ་ཤེས་པས་ཐོག་མ་མཛད་པའི་དགེ་འདུན་དུ་མ་སྤྱན་དྲངས་ནས་དུས་ཀྱི་མཆོད་པ་རྒྱ་ཆེར་མཛད་དེ་གསོལ་བ་བཏབ་པས་ཀྱང་མེ་ཏོག་གི་ཆར་ཆེན་པོ་བབ་པོ་ཞེས་གྲག་གོ །མདོར་ན་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པའི་རྗེས་སུ་ཡང་། ཉིད་ཀྱི་ངོ་མཚར་བའི་མཛད་པ་དག་གིས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཞག་པར་མཛད་དོ། །  

                                                                                                               རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།