རྗེའི་རྣམ་ཐར་ཆེན་མོ་ལས་མང་ར་དཀའ་བཅུ་བ་སོགས་ལ་གནང་བའི་གདམས་ངག
ཡང་མང་ར་དཀའ་བཅུ་ལ་གནང་བ་ནི། ཐུགས་རྗེའི་ཟེགས་མའི་ཆ་ཤས་ཞུགས་པས་ཀྱང་། །གསུང་རབ་རོ་མཆོག་མྱོང་བའི་དཔལ་སྟེར་བ། །འཇམ་དབྱངས་བླ་མའི་རྣམ་དཀར་འཕྲིན་ལས་ཀྱིས། །རྣམ་དཔྱོད་ལྡན་པའི་བུ་ཁྱོད་རྒྱལ་གྱུར་ཅིག །རྒྱ་བལ་བོད་ཀྱི་མཚམས་གནས་སྐྱིད་པའི་གྲོང་། །རང་བྱོན་འཕགས་པས་བྱིན་བརླབས་ས་ཡི་ཕྱོགས། །དེར་ནི་འགྲན་ཟླ་བྲལ་བའི་བཤེས་གཉེན་མཆོག །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རེད་མདའ་པའི། །ཞབས་ཀྱི་དྲུང་ན་ཉེར་གནས་མང་ར་བ། །སྡོམ་བརྩོན་མང་ཐོས་ཡོན་ཏན་རྒྱལ་མཚན་གྱིས། །དོན་ལྡན་སྙན་པའི་འཕྲིན་ཡིག་སྤྲིངས་པ་ཡིས། །བདག་གི་ཡིད་ནི་རབ་ཏུ་མགུ་བར་བྱས། །ལེགས་བཤད་ཚོལ་ལ་སྙིང་སྟོབས་མི་དམན་པའི། །དཔའ་ཁྱོད་དམ་པ་ལས་འོངས་ལེགས་བཤད་གཏམ། །སྔོན་མེད་འགའ་ཞིག་རྙེད་ཅིང་ད་དུང་ཡང་། །མདོ་སྔགས་གཏམ་གྱི་སྙིང་པོ་འགའ་ཡི་ཕྱིར། །དེ་ན་རིང་དུ་སྡོད་ཅེས་སྨྲ་བ་ལགས། །ཅིའི་ཕྱིར་ཞེ་ན་གསུང་རབ་གནད་ཀྱི་དོན། །ཇི་བཞིན་ངེས་ནས་ཞེ་པའི་ནགས་སུ་ནི། །ཚུལ་བཞིན་སྒྲུབ་ལས་ཡ་མཚན་གཞན་མེད་ཕྱིར། །དེ་ནས་ཁ་ཆེ་བལ་བོར་ལེགས་སྦྱར་སྐད། །སློབ་ཏུ་འགྲོ་ཞེས་སྨྲ་བ་སེམས་ཅན་གྱི། །ཁམས་རྣམས་དུ་མ་ཡིན་པས་དེ་ཙམ་གྱི། །དབང་དུ་གཏོང་ན་དེ་ལ་སུས་ཅི་བྱ། །དེ་ལྟ་མིན་ན་དོན་ཆེན་བསྒྲུབ་པའི་ལམ། །ཡལ་བར་དོར་ནས་དོན་ཆུང་ལྷུར་ལེན་པ། །དགག་བྱ་ཆེ་ལ་དགོས་པ་ཆུང་བའི་གནས། །བློ་གྲོས་མ་སྦྱངས་པས་ཀྱང་རིང་དུ་འདོར། །བདག་ཀྱང་དགེ་ལྡན་རི་བོའི་ངོས་ཡངས་སུ། །རྣམ་གཡེང་དོར་ནས་དབེན་པའི་རོ་མྱོང་ཞིང་། །མདོ་སྔགས་ལམ་གྱི་མཐར་ཐུག་གནས་རྣམས་ལ། །སྒོམ་པའི་རྩོལ་བས་གློ་བ་དགའ་ཞིང་མཆིས། །དཔལ་ལྡན་བླ་མ་བདེ་ཞིང་དགྱེས་པར་སྤྱོད། །ཟབ་མོའི་དགེ་བའི་སྦྱོར་བ་འཕེལ་ཞེས་པས། །ཡིད་ལ་དགའ་བསྐྱེད་རིང་པོར་མ་ཐོགས་པར། །ཞུ་བའི་འཕྲིན་ཡིག་སྤྱན་སྔར་འབུལ་བར་ཡོད། །རིགས་པའི་ལམ་ལ་བྱང་བའི་བློ་མཆོག་དང་། །གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཡོན་ཏན་དུ་མའི་གཏེར་འཛིན་པས། །རྒྱལ་མཚན་ཏོག་ལྟར་མངོན་མཐོ་བ། །ཁྱོད་ཀྱིས་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་བཞིན་འགྱུར་ཞིག་གུ །ཞེས་ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས། །བློ་བཟང་གྲགས་པའི་དཔལ་གྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །ཞེས་པའོ།།
ནམ་མཁའ་དབང་ཕྱུག་ལ་གནང་བ་ནི། ཤིན་ཏུ་བརྟས་པའི་དད་པའི་ལེགས་པར་དཔྱོད་པའི་རྣམ་དཔྱོད་ལ་སོགས་པའི་ཡོན་ཏན་གྱིས་མཛེས་པའི་དཔོན་ནམ་མཁའ་དབང་ཕྱུག་གིས་གསུང་ཤོག་ཚིག་གི་སྦྱོར་བ་མི་དམན་པ། ཁ་བཏགས་དཀར་པོའི་རྟེན་དང་བཅས་པ་བསྐུར་བ་འདིར་འཕྲོད་པས་ཡིད་རབ་ཏུ་སྤྲོ་བར་གྱུར། འདིར་ཡང་རྟེན་བཞེངས་དགོས་ཀྱི་བྲེལ་བ་རགས་པ་རྣམས་ཆོད་ནས་ད་ལྟ་མཚམས་ཀྱི་མལ་དུ་བདོག སྤྱད་པས་མི་ངོམས་སྲིད་པའི་བདེ། །རིང་དུ་མི་གནས་དལ་བའི་རྟེན། །གཏན་གྱི་བདེ་སྟེར་དམ་པའི་ཆོས། །དེ་ཕྱིར་གང་ཞིག་བྱ་དགོས་དཔྱོད། །བཤེས་སྤྲིང་གི་རྒྱུ་མཚན་རྣམས་མཁན་བྱང་པ་ལ་གསལ། ཅེས་པ་རྗེ་རིན་པོ་ཆེས་དཔོན་ནམ་མཁའ་དབང་ཕྱུག་གི་ཞུ་ཡིག་གི་ལན་དུ་གནང་བའོ། །བློན་ཆེན་ལ་གདམས་པ་ནི། སྲིད་པའི་འབྱོར་བས་མི་བསླུ་མེད། །གཅིག་པུ་ཕན་པ་དམ་པའི་ཆོས། །བསྟན་དང་མཇལ་བ་ལན་རེ་ཙམ། །དེ་ཕྱིར་དེ་ཡི་དོན་ལ་དགོངས། །ཞེས་མང་ཡུལ་སྐྱིད་གྲོང་གི་ཆོས་རྒྱལ་ཆེན་པོའི་ནང་བློན་ཆེན་པོ་ལ་གདམས་པའོ། །ཞེས་པའོ། །གུང་རུ་སྒོམ་པ་ལ་གདམས་པ་ནི། ཚེ་འདིའི་བདེ་འབྱོར་ཀུན་གྱིས་བསླུ་བ་ནི། །འདུས་བྱས་ངང་ཚུལ་ལགས་མོད་བློ་གྲོས་ཅན། །ཚུལ་དེ་རིག་ནས་ཉིན་མཚན་དོན་ལྡན་དུ། །འབད་པ་དེ་ལ་སྦྱང་པོ་མི་ཟེར་རམ། །གསུང་ཤོག་ཤོ་ལོ་ཀ་འདི་སྒོམ་པ་གུང་རུ་ལ་གདམས་པའོ། །ཞེས་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn