རྗེའི་རྣམ་ཐར་ཆེན་མོ་ལས་ཡི་དམ་གྱི་སྐུ་མང་བོ་བཞེངས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-17 19:58:36     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་རེ་གཅིག་པའི་མེ་བྱ་ལོའི་ཟླ་བ་གསུམ་པ་ནས་བཟོ་རིགས་པ་ཤིན་ཏུ་མཁས་པ་དུ་མ་བསགས་ཏེ། རྟེན་རྣམས་བཞེངས་པའི་བྱ་བ་ཉེ་བར་བརྩམས་སོ། །དེ་ཡང་ཐོག་མར་སྟོན་པའི་སྐུ་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཞིག་གིས་ཆེ་བ་གསེར་ཟངས་ཀྱིས་བཞེངས། འདིའི་ནང་གཞུག་ལ་བྱིན་ཆེན་གྱི་རིགས་མཐའ་ཡས་ཤིང་། འདི་ནི་རྗེ་རིན་པོ་ཆེ་ལ་གང་ཅིའི་ལུང་བསྟན་དངོས་སུ་གསུང་བར་མཛད་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཐུབ་པ་ཚུལ་ཁྲིམས་མ་ཞེས་པའོ། །རྟེན་འདི་དབུས་ཀྱི་གཙང་ཁང་དུ་བཞུགས་སུ་གསོལ་བ་ཡིན། དེ་རྗེས་དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་ལྷ་དྲུག་བཅུ་རྩ་གཉིས།

        དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་རྟེན་དང་བརྟེན་པར་བཅས་པའི་གཞལ་ཡས་ཁང་བློས་བསླང་རྣམས་བཞེངས་པའི་ཐོག་མར་ལུགས་སྔ་མ་བཏང་བའི་ལུགས་ཕུད་ལ་དཔའ་བོ་ཁཎ་ཊ་ཀ་པ་ཁ་འཇའ་ཚོན་མ་རང་བྱོན་དུ་གྲུབ་སྟེ། དེ་ཡང་རྒྱུ་ཟངས་ཡིན་ཀྱང་། ལུགས་ཀོང་ནས་བྱོན་མ་ཁད་ལ། ཟངས་ཀྱི་ཁ་དོག་ཡུངས་འབྲུའི་རྗེས་ཙམ་ཡང་མི་མངོན་པར། སྐུ་ཐམས་ཅད་འོད་ཟེར་ལྔའི་གོང་བུར་གྱུར་པའི། སྔོན་པོ་རྣམས་ནི་རྒྱ་མཐིང་བཟང་པོའི་མདངས་ཀྱིས་བསྒྲུན་དུ་མེད་ལ། དམར་པོ་དག་ནི་ད་ཆུ་བཏུལ་མ་བཟང་པོའི་ཁ་དོག་ལས་བདུན་འགྱུར་གྱིས་ལྷག་ཅིང་། དམར་སེར་དག་ནི་ལི་ཁྲིའི་མདངས་མོག་མོག་པོར་བྱེད་ལ། སེར་པོ་དག་ནི་གསེར་བཟང་པོའི་རྒྱན་གྱི་མདངས་ཀྱང་ར་གན་ལྟར་བྱེད་པ། གཞན་ཡང་དཀར་པོ་དང་། ལྗང་ཁུ་དང་། བཙོད་ཀྱི་ཁ་དོག་སོགས་དུ་མ་སྤེལ་བ་ནམ་མཁའི་འཇའ་ཚོན་སྐུ་ལ་འཁྱུད་པའི་རྣམ་པ་ལྟ་བུ་མིག་གིས་བཟོད་པར་དཀའ་བའི་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞིག་བྱོན་ཏེ། ཟད་བརྡར་སོགས་ཅུང་ཟད་ཀྱང་མ་བྱས་ཀྱང་ཤིན་ཏུ་འཇམ་ཞིང་གཙང་བ། ཤིན་ཏུ་ངོ་མཚར་བར་བྱུང་ནས། འདི་ལྟ་བུ་ཅི་ཞིག་ཅེས་གཟིགས་སུ་ཕུལ་ཞིང་། དག་བྱེད་ཀྱི་རྫས་དུ་མས་ཤིན་ཏུ་དག་པར་བྱི་དོར་བྱས་ཀྱང་། སྔར་ལས་ཀྱང་འོད་ཟེར་རྣམས་ཆེས་ཆེར་ཁ་དོག་གསལ་བར་གྱུར་ནས། ལུགས་ཁ་བཅད་པའི་མཚམས་ལ་བལྟས་པས། ཟངས་ཀྱི་ཁ་དོག་ཐམས་ཅད་ཀྱང་དེ་འདྲ་བ་འབའ་ཞིག་ཏུ་གནས་གྱུར་ནས། བཅད་མཚམས་འོད་ཟེར་སྣ་ལྔར་ཁྲིག་གེ་སྣང་ངོ་། །

        རྗེའི་ཞལ་ནས་རྟེན་འདི་ལ་རྒྱན་དང་ན་བཟའ་ཁྱད་པར་ཅན་ཕུལ་ལ་གསོལ་བ་ཐོབ། ཟད་བརྡར་མ་བྱེད་ཅེས་གསུང་ངོ་། །དེ་ནས་རྟེན་དེ་ལ་ན་བཟའ་སོགས་ཕུལ་ནས་མཆོད་པ་བཤམས་ཏེ། རྗེ་རིན་པོ་ཆེས། ཧེ་རུ་ཀ་ཡི་ཕོ་བྲང་ནས། །འཁོར་ལོ་བདེ་མཆོག་ཡབ་ཡུམ་ནི། །འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཐོད་པའི་དུམ་བུ་ཡབ་ཡུམ་གྱི། །སྐུ་ལ་ངོ་མཚར་ལྟས་མང་གིས། །བརྒྱན་ནས་འདིར་ནི་བྱོན་པ་ལེགས། །ཨེ་མའོ་བདག་ཅག་གདུལ་བྱ་རྣམས། །ཤིན་ཏུ་ཚོགས་བསགས་སྐལ་བར་ལྡན། །བདག་ཅག་རྣམས་ཀྱི་ལྷག་བསམ་གྱིས། །བསྒྲུབས་པའི་རབ་འབྱམས་མཆོད་པའི་སྤྲིན། །བཞེས་ནས་གནས་མཆོག་འདི་ཉིད་དུ། །འཁོར་བ་ཇི་སྲིད་བཞུགས་སུ་གསོལ། །པདྨ་ཙནྟྲ་ཨ་ས་ནི་ཏིཥྠན་ཏུ་སྭཱཧཱ། ཞེས་སོགས་ཀྱི་གསོལ་འདེབས་མཆོད་བསྟོད་རྣམས་མཛད།

        དེ་ནས་བློས་བསླང་གསུམ་གྱི་རྟེན་དང་བརྟེན་པར་བཅས་པ་རྣམས་རིན་པོ་ཆེ་འབའ་ཞིག་ལས་བསྒྲུབས་པ་ཡིན་ལ། དེ་ཡང་གཞལ་ཡས་ཁང་དང་ལྷ་གཞན་རྣམས་ཟངས་ལ་གསེར་གསོལ་བ། གཙོ་བོ་རྣམས་དང་། ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་སྙིང་པོའི་རྣལ་འབྱོར་མ་རྣམས་དངུལ་བཟང་པོ་འབའ་ཞིག་ལས་བཞེངས་པའི་གཙོ་བོ་ཡུམ་དང་བཅས་པ་རྣམས་རེ་རེ་ལའང་དངུལ་བྲེ་ཆེན་གཉིས་ལྷག་རེ་དང་རྡོར་དབྱིངས་ཀྱི་གཙོ་བོ་ལ་དངུལ་བྲེ་ཆེན་གཉིས་མ་ལོངས་ཙམ་དང་། འཁོར་གྱི་ལྷ་བཅུ་གཉིས་ལ་རེ་རེ་ལའང་དངུལ་བྲེ་ཆེན་ཕྱེད་དང་གཉིས་རེ་ཅུང་མ་ལོངས་ཙམ་དང་བཅས་པ་དང་། དེ་དག་ལ་རིན་པོ་ཆེ་དང་། གཡུ་རྙིང་བཟང་པོ་དཔག་ཏུ་མེད་པའི་འཕྲ་བསམ་གྱིས་མི་ཁྱབ་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་གསུམ་དང་བདེ་མཆོག་གི་རྣལ་འབྱོར་མ་བཞི་རྣམས་བར་དུ་བླུགས་པ་ཙམ་གྱིས་ཤིན་ཏུ་ཕྲ་བའི་རི་མོ་ཡན་ཆད་ཅུང་ཟད་ཀྱང་འཆོས་མི་དགོས་པར་རང་བྱོན་དུ་གྲུབ། བདེ་མཆོག་གི་ཐུགས་ཀར་རྟ་རྔ་ཙམ་གྱི་དྲོད་ཡོད།

        སྒྲུབ་མཆོད་ཁང་གི་དབུས་སུ་གསང་འདུས་ཀྱི་བློས་བསླང་། ཤར་དུ་བདེ་མཆོག ནུབ་ཏུ་རྡོར་དབྱིངས་རྣམས་བཞུགས་པར་མཛད། གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས། རྒྱལ་བ་ཚེ་དཔག་མེད། རྗེ་བཙུན་བྱམས་མགོན། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཞལ་ཕྱག་ཡོངས་སུ་རྫོགས་པ་རྣམས་ཀྱི་གསེར་སྐུ་མདའ་ཚད་རེ་དང་། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་དང་། གཙུག་ཏོར་གདུགས་དཀར་གཉིས་ཀྱི་གསེར་སྐུ་ཁྲུ་ཚད་རེ་དང་། གོས་དར་བཟང་པོ་མཐའ་ཡས་པ་བརྡུངས་པའི་དར་འདག་འབའ་ཞིག་ལས་བསྒྲུབས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུ་ལ་རྒྱབ་མཐོ་བཅུ་བདུན་ཡོད་པ་དང་། ཆོས་རྒྱལ་ཙ་མུཎྚི་བཅས་དང་། ཁྲུ་གང་ཙམ་གྱི་འཁོར་ལོ་སྡོམ་པའི་སྐུ་རྣམས་བཞེངས་རྒྱུའི་རྫས་ལ་རྗེ་རང་གིས་བྱིན་རླབས་མཛད་ནས་མང་པོ་ལ་མི་སྟོན་པར་བཞེངས་པའི་ཚེ། རྡོ་རྗེ་འཇིགས་བྱེད་ཀྱི་རྩ་ཞལ་དང་། ཆོས་རྒྱལ་གྱི་སྐུ་ཕལ་ཆེར་དང་། བདེ་མཆོག་གི་ཞལ་བཞི་མདོག་དང་བཅས་པ་རང་བྱོན་དུ་གྲུབ།

        འཇིགས་བྱེད་འདིའི་ཐུགས་ཀར་བྱེའུའི་སྒོ་ང་ཙམ་གྱི་དྲོད་ཡོད། འཇིགས་བྱེད་ཆོས་རྒྱལ་འཁོར་བཅས་མགོན་ཁང་དུ་བཞུགས། རྟེན་གཞན་རྣམས་རྗེའི་གཟིམས་ཁང་སོགས་སུ་ཡོད། དེ་དག་ཐམས་ཅད་ཀྱང་ལྷ་བཟོའི་བཟོ་ཐིག་དང་ཕྱག་ཚད་ཕལ་བ་མ་ཡིན་པར། ཤཱ་རིའི་བུ་དང་ཚངས་པ་ཨེ་ཌའི་བུ་ལ་སོགས་པས་ཞུས་པའི་ཕྱག་ཚད་གྱི་ཡི་གེའང་མང་དུ་ཡོད་མོད་ཀྱི།

        གཙོ་བོར། དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་ལེའུ་གཅིག་གིས་ལྷའི་ཕྱག་ཚད་ཞིབ་པར་སྟོན་ཅིང་། དེའི་རྒྱ་ཆེར་འགྲེལ་རང་ན་རཀྵྀ་ཏས་ཁྱད་པར་ཞིབ་ཏུ་གཏན་ལ་ཕབ་པ་དང་། དཔལ་གཤིན་རྗེ་གཤེད་དམར་པོ་དང་ནག་པོའི་རྒྱུད་གཉིས་ཀྱི་ལེའུ་རེ་རེས་ལྷའི་ཕྱག་ཚད་སྟོན་པ་རྣམས་གུང་ལེགས་པར་བསྒྲིགས་པའི་ཐིག་ཁོག་ནས་དྲངས་ཏེ། ལྷ་རྣམས་རྒྱལ་བས་གསུངས་པའི་ཕྱག་ཚད་དང་ལྡན་པར་བཞེངས་ཤིང་། དེ་དག་རྣམས་ལའང་རྒྱུའི་བྱིན་རླབས་སོགས་ཚུལ་བཞིན་དུ་མཛད་པས། ལུགས་བཏང་བ་ལ་འདི་འདྲ་བའི་ལུགས་འདྲེན་བདེ་བ་དང་མཚར་བ་སྔར་འོང་མ་མྱོང་ཞེས་ལྷ་བཟོ་བ་ཟེར་ལ། ཐམས་ཅད་ཀྱང་བལྟས་པ་ཙམ་གྱིས་ཡིད་འཕྲོག་པར་བྱེད་པའི་མིག་གི་བདུད་རྩི་འབའ་ཞིག་ཉེ་བར་བྱོན་ནོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།