རྗེའི་རྣམ་ཐར་ཆེན་མོ་ལས་ཡི་དམ་གྱི་ལྷ་ཁྱད་པར་ཅན་འགའི་ཞལ་གཟིགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 10:07:44     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ང་ལྔའི་ལྕགས་ཡོས་ལོར་ཡང་དགའ་ལྡན་ཉིད་དུ་བཞུགས་ནས། སྔར་ལོས་ཁར་བཞུགས་དུས་ཟིན་བྲིས་སུ་མཛད་པའི་ཤོག་དྲིལ་གྱི་ཡི་གེ་རྣམས་ལ་གཟིགས་ནས་དག་པར་བྱས་ཏེ། གསང་བ་འདུས་པའི་རྫོགས་རིམ་གྱི་རྒྱ་ཆེར་བཤད་པ་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་དེ་བརྩམས། ཡང་དེ་འཕྲལ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ཀྱང་བརྩམས་སོ། །དེ་ཡང་རིམ་ལྔ་གསལ་སྒྲོན་ལས། གསོལ་བ་རིང་དུ་བཏབ་པས་གཞུང་རྩོམ་པར་གནང་བའི་མཚན་མ་ཁྱད་པར་ཅན་ཡང་རྙེད་ནས། འཕགས་སྐོར་གྱི་འདུས་པའི་ལུགས་ཤིན་ཏུ་ཉམས་འདུག་པ་ལེགས་པར་སོས་ནས་ཡུན་རིང་དུ་མི་ཉམས་པར་གནས་པར་གྱུར་ཅིག་སྙམ་པའི་བསམ་པ་དག་པས་བགྱིས་སོ། །ཞེས་དང་།

        རིམ་ལྔའི་དམར་ཁྲིད་ལས་ཀྱང་། རིང་དུ་འབད་ཀྱང་ཇི་བཞིན་མི་ཤེས་པར། །མཐོང་ནས་གསོལ་བ་རིང་དུ་བཏབ་པའི་ཚེ། །འདོད་པའི་མཚན་མ་བརྟན་པོ་རྙེད་པ་ནི། །རང་དང་གཞན་གྱི་དོན་དུ་བདག་གིས་སྦྱར། །ཞེས་གསུངས་པ་ནི་འོལ་ཁ་བསམ་གཏན་གླིང་དུ་བཞུགས་དུས་ལྟས་བཟང་བྱུང་བ་དེ་ཉིད་བསྟན་པ་ཡིན་ནོ། ། ཡང་སྐབས་ཤིག་ཏུ། རྗེ་རིན་པོ་ཆེ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། སྐལ་ལྡན་གྱི་ལྷ་འགའ་བཅས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྙན་བརྒྱུད་ཀྱི་མན་ངག་ཤིན་ཏུ་ཟབ་པ་དང་། བསྟན་པ་ཇི་ཙམ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟ་བུར་འབྱུང་བ་དང་། བསྟན་པའི་སྦྱིན་བདག་དང་། གནས་གང་དང་གང་དུ་བསྟན་པ་རྒྱས་པར་འགྱུར་བ་སོགས་ལུང་བསྟན་པ་གསང་བའི་མེ་ལོང་ཞེས་བྱ་བ་གསུངས་ཤིང་། རང་བྱོན་སྤྲུལ་བའི་གླེགས་བམ་ཀྱང་གནང་ངོ་། །སྙན་རྒྱུད་གླེགས་བམ་བཅས་འདི་དག་དགའ་ལྡན་དུ་བཞུགས་དུས་གནང་བ་ཡིན་ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགེ་ལྡན་བཀའ་རྒྱུད་ཀྱི་རྣམ་ཐར་དུ་བཞུགས་སོ། །ཡང་འདུས་ཚོགས་ལ་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་སྩོལ་བར་མཛད་དོ། །

        དེ་ནས་དགུང་ལོ་ང་བདུན་པའི་སྟེང་དུ་སྐུ་ཚེའི་བར་ཆད་ཆེན་པོ་ཡོད་པའི་མཚན་མ་དེའི་ལོ་བཅུ་བཞིའི་གོང་དུ་རྗེ་བླ་མ་རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་བཞིན་འཁོར་གྱི་ཐོག་མ་འགའ་ཞིག་ལ་ཞལ་ཏ་གནང་སྟེ། དགུན་གྱི་སྟོད་ནས་རྗེ་བླ་མ་དང་ཉིད་ཀྱིས་གཙོ་མཛད། དཔོན་སློབ་སུམ་ཅུ་རྩ་གྲངས་ཀྱིས་སྐུ་ཚེ་འཕེལ་བ་དང་བར་ཆད་བཟློག་པའི་ཐབས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱས་པའི་འཁྲུལ་འཁོར་མང་དུ་མཛད། སྐུ་མཚམས་དམ་པར་བཅད་དེ་རྗེ་དང་ཉིད་སྔ་དྲོ་བྱམས་པའི་འདུག་སྟངས་ཀྱིས་རྒྱན་དང་ན་བཟའ་སེར་པོ་བཞེས། ཆོས་དང་ཚེ་བསོད་རྒྱས་པའི་བསྒོམ་བཟླས་དང་། ཕྱི་དྲོ་དྲག་པོའི་འདུག་སྟངས་ཀྱིས་དྲག་ལས་ཀྱི་གོས་རྒྱན་གསོལ་ནས་ཕྱིར་བཟློག་གི་བསྒོམ་བཟླས་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས། སྤྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་གཟིགས། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད། ཕྱག་རྡོར་འཁོར་ཆེན། སྒྲོལ་མ། གདུགས་དཀར། འཇམ་པའི་དབྱངས། ཚེ་དཔག་མེད། གཙུག་ཏོར་རྣམ་རྒྱལ། འོད་ཟེར་ཅན་མ་སོགས་མངོན་སུམ་དུ་གཟིགས་ཤིང་། རྗེའི་ཞལ་ནས། ད་དུང་ལན་མང་དུ་བྱས་ན་དགའ་རབ་ཡོང་བ་ཨེ་ཡིན་གསུངས་སོ། །    

                                                                                                                                             རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།