རྗེའི་རྣམ་ཐར་ཆེན་མོ་ལས་ཆོ་འཕྲུལ་སྨོན་ལམ་བཙུགས་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:05:57     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་རྗེ་རིན་པོ་ཆེ་ཟླ་བ་བཅུ་གཉིས་པའི་མཇུག་ཙམ་དུ་ལྷ་སར་ཕེབས། ཇོ་བོ་རྣམ་གཉིས་ཀྱི་ལྷ་ཁང་གི་ནང་དུ་བཤམས་པ་ནི། རྟེན་རྣམས་ཀྱི་མདུན་དུ་ཆུ་བཞི། ཉེར་སྤྱོད། རོལ་མོ། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཆེན་བདུན། འདོད་ཡོན་ལྔ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། ངོ་མཚར་བའི་མཆོད་པ་བཅོ་བརྒྱད། མཆོད་པ་ཉེར་ལྔ་སོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ། བཀོད་པས་མཛེས་པ། ཡིད་འཕྲོག་པ་རྣམས་བཤམས། ཇོ་ཤཱཀ་གཉིས་དང་ཐུབ་པ་གངས་ཆེན་མཚོ་སོགས་སྤྲུལ་སྐུའི་རྣམ་པ་ཅན་གྱི་སྐུ་འབུར་དུ་དོད་པ་རྣམས་ལ་གོས་དར་ཕུན་སུམ་ཚོགས་པ་ལས་བྱས་པའི་བླ་གོས་དང་སྣམ་སྦྱར། སེམས་དཔའ་སེམས་མ་བཅུ་དྲུག་སོགས་དང་། ཁྲོ་བོའི་རྣམ་པར་བཞུགས་པ་རྣམས་ལ་དར་ཆེན་དང་རྒྱན་གོས་སོགས་ཀྱི་སྟོད་གཡོགས་སྨད་གཡོགས་ཕུལ།

        གཙུག་ལག་ཁང་གི་སྟེང་དུ་བརྒྱན་པ་ན། ལྷ་ཁང་ཆེ་ཆུང་རྣམས་ཀྱི་ཀཉྫུ་ར་ཏོག་དང་། བྱ་འདབ་སོགས་ཀྱི་རྩེ་ཟུར་ཕན་ཚུན་དུ་ཐ་གུས་སྦྲེལ་བ་ལས་བ་དན་དང་། རྔ་ཡབ། དྲིལ་བུ་སོགས་བར་མ་ཆད་པར་བཏགས་ནས་མཛེས་པར་བྱས། ཕྱིའི་བསྐོར་ལམ་གྱི་ཕྱི་རོལ་ཏུ་བརྒྱན་པ་ནི། ཕྱོགས་སྐྱོང་བཅོ་ལྔ། རྒྱལ་ཆེན་བཞི། ཀླུ་ཆེན་བརྒྱད་རྣམས་ཀྱི་བ་དན་འདོགས་པའི་ཤིང་རིང་པོ་ཉེར་བདུན་དང་། དེ་དག་གི་བར་དུ་གདུགས་དཀར་སོགས་ཀྱི་རྒྱལ་མཚན་འདེགས་པའི་ཤིང་བཅས་ཤིང་རིང་པོ་ལྔ་བཅུ་རྩ་བཞི་བཙུགས། དེ་དག་ལ་གོས་དར་སོགས་ཀྱིས་བཟོས་པའི་བ་དན་རྒྱལ་མཚན་འཇིགས་སུ་རུང་བ་ཆེན་པོ་རྣམས་བཏགས། དེ་ཡང་ཚངས་པའི་བ་དན་སེར་པོ། བརྒྱ་བྱིན་གྱི་དཀར་པོ་སོགས་རང་རང་གི་མདོག་དང་མཐུན་པ། ཏོག་ལ་སོ་སོའི་སྐུ་དང་། བ་དན་ལ་རང་རང་གི་སྔགས་བྲིས་པ་རྣམས་སོ་སོའི་ཕྱོགས་སུ་བཙུགས། དེ་དག་གི་རྩ་བར་ནུབ་རེ་བཞིན་གཏོར་མ་འབུལ་བའི་གཏོར་སྟེགས་བཤམས། དེ་དག་གི་བར་བར་དུ་གདུགས་དཀར་སོགས་ཀྱི་རྒྱལ་མཚན་རྣམས་རང་རང་གི་ཆོ་ག་བཞིན་བསྒྲུབས་ནས་བཙུགས། ཤིང་དེ་རྣམས་ཐ་གུས་སྦྲེལ་བ་ལས་འཕན་དང་རྔ་ཡབ་དྲིལ་བུ་སོགས་ཀྱིས་བརྒྱན་ནས། རྣམ་པར་བཀྲ་བའི་འཇའ་ཚོན་གྱིས་ནམ་མཁའི་ཁམས་ཀུན་གང་བ་ལྟར་མཛེས་པར་བྱས་སོ། །

        གཞན་ཡང་མཆོད་པ་དེ་རྣམས་ལས་ལོགས་སུ། ཡོན་ཆབ། སྤོས། མར་མེ། ལྷ་བཤོས་རྣམས་བཤམས་པ་ལས། མར་མེ་ནི། ཇོ་བོའི་ལྷ་ཁང་ནི་ཐོག་གསུམ་པ། ཤིན་ཏུ་རྒྱ་ཆེ་བ་ཡིན་པས། དེའི་ཁྱམས་མར་མེ་དང་། སྟེང་གི་ཐོག་རྣམས་སུ་ཡང་ཉིན་མཚན་ཀུན་ཏུ་མར་མེ་བརྒྱ་ཕྲག་བཞི་ཙམ་དང་། ཁྱམས་ཕྱི་མ་ལའང་ཚར་ཇི་ལྟར་ཡོད་པ་བཞིན་གྱི་མར་མེ་དང་། བར་བསྐོར་ལ་ཉིན་མོ་མར་མེ་བརྒྱ་ལྷག་དང་། མཚན་མོ་རྩིག་འགྲམ་འཁོར་བར་མར་མེ་ཕུལ། ཕྱི་བསྐོར་ལ་ཇོ་བོའི་ཞལ་གྱི་མདུན་སྒོའི་ཕྱི་རོལ་ཏུ་ཡི་གེ་བརྐོས་པའི་རྡོ་རིང་ཡོད་ཅིང་། དེའི་འགྲམ་དུ་མར་མེའི་ཀོང་བུ་གྲུ་བཞི་པ། ངོས་རེ་ལ་འདོམ་གསུམ་གསུམ་ཡོད་པ་ལ་མར་གྱིས་ལེགས་པར་བཀང་ནས་དེ་དང་འཚམ་པའི་སྡོང་བུ་བཙུགས་ཏེ་མར་མེ་སྦར་བ་ནི། གསེར་གྱི་མཆོད་སྡོང་གིས་ནམ་མཁའི་ལམ་འགོག་པ་ལྟར་གྱུར། དེས་ཐོག་དྲངས་རྫའི་ཁོག་མ་ཆེན་པོ་མར་གྱིས་བཀང་བ་ལ་སྡོང་བུ་ནི་སྦོམ་ལ་ལག་པའི་ཚད་ཙམ་དང་འཕང་ལ་མདའ་ཚད་ཙམ་བཙུགས་ནས་ཕྱི་རིམ་འཁོར་བར་བཤམས་ཏེ་ཕུལ། གཞན་ཡང་ར་མོ་ཆེ་དང་། ཀླུ་ཕུག་དང་། པོ་ཏ་ལ། གུང་ཐང་རྣམས་སུ་ཡང་མར་མེ་མང་དུ་ཕུལ། འདི་ལ་རྣམ་ཐར་ཆེན་མོ་ལས། ཇི་ལྟར་ས་ཆེན་པོ་མངོན་པར་བྲིས་པའི་སྒྲོན་མེའི་ཕྲེང་བས། ལྷའི་ལམ་ལ་འཁྲིགས་པའི་རྒྱུ་སྐར་གྱི་ཚོགས་ལ་འཕྱ་བ་གསལ་བར་བྱེད་པའི་སོ་སོའི་འོད་ཟེར་གྱིས། མཚན་གུང་ལ་བབ་པའི་མུན་པའི་ཚོགས་དཔུང་དང་བཅས་པའང་རབ་ཏུ་ཞུམ་ཞིང་ངོ་ཚ་བས་སའི་འོག་ཏུ་སོང་སྟེ་ཀུན་གྱི་མིག་ལམ་དུ་མི་མངོན་པར་གྱུར་ཏོ། །

        དེའི་ཕྱིར། ར་མོ་ཆེ་དང་པོ་ཏ་ལ་ཚུན་ཆད་ཀྱི་ལྕང་མའི་ལྕུག་ཕྲན་གཞོན་ནུ་དག་གི་རང་རང་གི་ལུས་ཀྱི་གྲིབ་མའང་ཉིན་མོ་ཇི་ལྟ་བར་ས་ལ་འབབ་པས་ཉིན་མཚན་ཁྱད་པར་མི་ཕྱེད་པ་ལྟར་དུ་གྱུར་ཅིང་། རྒྱུ་སྐར་གྱི་ཚོགས་ནི་ཉི་མ་བརྒྱ་ཕྲག་མང་པོ་གཅིག་ཆར་ས་གཞི་ལས་འཐོན་པར་གྱུར་ཏོ་སྙམ་དུ་འཇིགས་པ་ལྷུར་ལེན་པའི་བབ་ཅོལ་གྱིས། མཚན་ཕྱེད་ལ་ནམ་མཁའི་ལམ་བཏང་སྟེ་རྒྱ་མཚོ་ཆེན་པོར་བྲོས་པ་ལྟར། མཚན་མོའི་གུང་ལའང་སྟེང་དུ་མངོན་པར་བལྟས་པ་ན། ནམ་མཁའ་མར་མེའི་འོད་ཀྱི་གོས་དང་བཅས་པས་ཁ་དོག་དམར་སྐྱ་ཉིད་དུ་མཐོང་བ་མ་གཏོགས་སྐར་མ་གཅིག་གི་གཟུགས་ཀྱང་མཐོང་བའི་ཡུལ་ལས་འདས་པར་གྱུར་ཏོ། །ཞེས་གསུངས་སོ། །

        ཡོན་ཆབ་ནི། ཁ་ཆེ་ཀུར་གུམ་གྱི་ཁུ་བས་ཁ་དོག་ལེགས་པར་བསྒྱུར་བའི་མཆོད་ཡོན་ཉིན་རེ་བཞིན་བརྒྱ་ཕྲག་ཡན་ཆད་བཤམས་པ་ཡིན་ཞིང་། ཁ་ཆེ་གུར་གུམ་གྱི་རོ་མ་ནི་ཉིན་རེ་བཞིན་བྲེ་ཆེན་གྱིས་གཞལ་བའི་ཚོད་དུ་བྱུང་འདུག སྤོས་སོགས་དྲིའི་མཆོད་པ་ནི། སྤོས་ཀྱི་སྣོད་མི་འདྲ་བ་མང་པོར་ཤིན་ཏུ་དྲི་ཞིམ་པོའི་སྤོས་བསྲེགས་པའི་དུ་བ་རྣམས་ནི་བར་སྣང་ལ་སྤྲིན་རིང་པོ་ཕན་ཚུན་མདུད་པ་ལྟ་བུ་དང་། དེ་དག་ལས་ལྡ་ལྡི་མང་པོ་འཕྱང་བ་ལྟ་བུར་གྱུར། གཞན་ཡང་སྤོས་བཟང་ལས་བཟོས་པའི་རྒྱལ་མཚན་དང་། གདུགས་ཀྱི་རྣམ་པ་ཚར་དུ་དངར་བ་སོགས་བརྗོད་ཀྱིས་མི་ལང་ཞིང་། ཐ་ན་ཕྱིའི་བསྐོར་ལམ་གྱི་ས་རྣམས་ཀྱང་སྤོས་ཆུས་ཆག་ཆག་བཏབ་པར་བྱས་ན་གཞན་ལྟ་ཅི་སྨོས། དེ་ལྟ་བུའི་དྲི་བཟང་པོས་ཕྱི་རོལ་གྱི་ཁོར་ཡུག་ཀུན་ཏུ་དྲི་ཞིམ་པོའི་ངད་རྒྱུན་དུ་ལྡང་བར་གྱུར་ཏོ། །

        ཞལ་ཟས་ནི། མདའ་ཚད་ལྷག་ཙམ་གྱི་ཞལ་ཟས་བརྒྱ་རྩ་བརྒྱད་ལ་མར་གྱིས་བཟོས་པའི་རྒྱལ་སྲིད་སྣ་བདུན་སོགས་ཡིད་འཕྲོག་པའི་རྒྱན་གྱིས་བརྒྱན་པ་རྣམས་ཉིན་རེ་བཞིན་གསར་དུ་བཤམས་ནས་ཕུལ་ཞིང་། གོང་གི་མར་མེ་ཆེན་པོའི་གཡས་གཡོན་དུ་ས་སྟེགས་ལ་ཞལ་ཟས་ཆེན་པོ་གཉིས་བཤམས་པ་ཡིན་ལ། དེ་ཡང་གཅིག་ལ་ནི་རྩམ་པ་ཁལ་བཞི་བརྒྱ་རེ་ལས་བྱས་ཤིང་། རྒྱན་དཔག་ཏུ་མེད་པས་སྤྲས་པ། འཕྱར་དར་བཙུགས་པའོ། །ཞལ་ཟས་རྙིངས་པ་དེ་དག་རྣམས་བདག་གིར་མི་བྱེད་པར་སྤྲང་པོའི་ཚོགས་ལ་བྱིན་པས་སྤྲང་པོ་རྣམས་ཀྱང་བཀྲེས་པའི་བསམ་པ་ལས་གྲོལ་ནས་བཟའ་བཏུང་གིས་ལྷག་པར་ཚིམ་པས་བཟའ་བ་ཡིད་ལ་མི་བྱེད་པ་ལྟ་བུར་གྱུར་ཏོ། །    

                                                                                                                            རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།