རྗེའི་རྣམ་ཐར་ཆེན་མོ་ལས་དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོ་རྩོམ་པར་མཛདཔའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 12:31:16     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

4175448ctad53fb6957f6&690.gif

        དགུང་ལོ་ང་གཉིས་པའི་ས་ཕོ་བྱི་བའི་ལོའི་དཔྱིད་དབྱར་གཉིས་ཀྱང་གནས་དེར་བཞུགས། དེའི་ཚོགས་དབུ་བདེ་བ་ཅན་གཉིས་ཀྱི་མཁས་པ་མང་པོ་དང་། དགའ་སྐྱོར་ཟུལ་གསུམ་གྱི་གདན་ས་དང་། ཐང་སག་པའི་གདན་ཟུར་སོགས་དགེ་བའི་བཤེས་གཉེན་དྲུག་བརྒྱ་ཙམ་འདུས། དབྱར་གནས་ཀྱང་དེར་མཛད། དེ་ལ་སྣེའུའི་དཔོན་གྱིས་འདུས་སྡེ་སྤྱི་དང་། ཁྱད་པར་རྗེ་ཡབ་སྲས་རྣམས་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། བར་སྐབས་སུ་ཉིན་ཅིག་རྗེ་རིན་པོ་ཆེས་གུང་རུ་དགེ་སྦྱོང་སོགས་བགྲེས་པ་འགའ་ཞིག་ལ་མི་མང་པོ་ལ་མི་སྒྲོག་པའི་ཞལ་ཏ་མཛད་དེ། རང་རེ་དཔོན་སློབ་རྣམས་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཅིག་སྣང་བས། དེ་སེལ་བའི་ཕྱིར་དུ་དེང་འདི་ནས་གཞན་དུ་ཟླ་བ་འགའ་འགྲོ་གསུང་། གར་འབྱོན་ཞུས་པས། ད་རེས་བཤད་ན་མི་ཡོང་བའི་གནད་ཅིག་ཡོད་གསུངས་ནས། དཔོན་སློབ་གསུམ་གྱིས་མཚན་མོ་གཅིག་གཞན་གྱིས་མ་ཚོར་བར་རྭ་ཁ་བྲག་ཏུ་བྱོན།

        སྐུ་མཚམས་དམ་པར་མཛད་པའི་ཚེ། འཇམ་པའི་དབྱངས་ཀྱིས་དབུ་སེམས་ཀྱི་གྲུབ་མཐའི་གནད་རྣམས་གསུངས་ནས། ད་འདི་རྣམས་ཀྱི་དོན་བསྡུས་པ་ཞིག་ཡི་གེར་གྱིས་གསུངས་པ་ལ་བརྟེན་ནས་དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོ་རྩོམ་པར་མཛད། འདི་ནི་འཇམ་དབྱངས་ཀྱི་གསུང་བྲིས་པ་ཡིན་པས་མཇུག་གི་ཚིགས་བཅད་ལས། རྒྱལ་བའི་དགོངས་ཟབ་ཟབ་མོའི་མདོ་ཡིས་རབ་བསྟན་བསྟན་པའི་སྙིང་པོ་འཛིན། །ཐུབ་པའི་རིང་ལུགས་ལུགས་མཆོག་གཉིས་ཀྱི་གཞུང་མང་མང་དུ་ཐོས་པ་དང་། །དེ་དོན་རྣམ་དཔྱོད་དཔྱོད་ལྡན་ཡིད་འཕྲོག་རིགས་ཚུལ་ཚུལ་བཞིན་བསམས་པ་དང་། །འཇམ་དབྱངས་ཞེས་གྲགས་གྲགས་པའི་ཕྲེང་བས་ཀུན་ཁྱབ་ཁྱབ་བདག་དེ་ཡི་ཞབས། །ཤུགས་དྲག་རྒྱུན་མི་འཆད་པའི་དད་པ་ཡིས། །སྙིང་གི་པད་མའི་ལྟེ་བར་གུས་བསྟེན་པས། །གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཞེས་པ་སྟེ། རིགས་སྨྲ་དེ་ཞེས་པ་ནི་འཇམ་པའི་དབྱངས་སོ། །

        སྤྱིར་རྗེ་འདིས་མདོ་སྔགས་ཀྱི་དོན་འགྲེལ་བ་དང་། རྗེས་འཇུག་རྣམས་ཀྱིས་བླ་མ་ཡི་དམ་སྲུང་མ་གང་ལ་བརྟེན་པ་དང་། སྒོམ་སྒྲུབ་ཇི་ལྟར་བྱ་ཚུལ་སོགས་ལུགས་སྲོལ་བཙུགས་པ་ཐམས་ཅད་ནི་འཇམ་པའི་དབྱངས་ཀྱི་གྲུབ་མཐའ་ཡིན་ཞིང་། ལམ་རིམ་སྔགས་རིམ་སོགས་ཀྱི་གསུང་རབ་རྣམས་ཀྱང་འཇམ་པའི་དབྱངས་ཀྱི་གསུང་ཇི་ལྟ་བ་བཞིན་ཡིན་པས། སྔོན་ཆད་འདི་ལྟ་བུའི་རྩོམ་པ་བྱུང་མ་བྱུང་མཁས་པ་རྣམས་ཀྱིས་དཔྱད་ན་ཤེས་པར་འགྱུར་རོ། །ཞེས་རྣམ་ཐར་ཟུར་འདེབས་ལས་གསུངས་སོ། །

        ཡང་དྲང་ངེས་རྣམ་འབྱེད་གྱི་མཇུག་གི་ཚིགས་བཅད་ལས། རེས་འགའ་རྒྱལ་ལ་དད་པའི་དགའ་བ་གྱིས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་ཅན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །ཞེས་གསུངས་ཏེ། དོན་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འདི་མ་གསུངས་ན་འདི་འདྲ་ག་ནས་རྙེད་ཅེས་སངས་རྒྱས་ཀྱི་དྲིན་དྲན་ནས་བསྟན་པ་དང་མཇལ་བ་ལ་དགའ་བ་དང་། སངས་རྒྱས་ཀྱི་གསུང་རབ་ཡུམ་གྱི་མདོ་སོགས་ཟབ་ཅིང་གོ་དཀའ་བས་འདི་བཀྲལ་བའི་ཀླུ་སྒྲུབ་ཐོགས་མེད་སོགས་དྲིན་ཆེ་ཞེས་བསམ་པ་དང་། དགོངས་འགྲེལ་གྱི་བསྟན་བཅོས་ཡོད་ཀྱང་རང་སྟོབས་ཀྱིས་གོ་མི་ནུས་པས་འདི་དག་བསླབས་པའི་བླ་མ་རྣམས་དྲིན་ཆེ་སྙམ་པ་དང་། འདི་ལྟ་བུ་མ་ཤེས་ནས་འཁོར་བར་འཁྱམས་པའི་འགྲོ་བ་རྣམས་སྙིང་རེ་རྗེ་སྙམ་པ་དང་། བསྟན་པ་གནས་ན་སྐལ་ལྡན་རྣམས་འཕྲལ་ཕུགས་ཀྱི་ཕན་བདེ་ཐོབ་པར་འགྱུར་བས་བསྟན་པ་ཡུན་རིང་དུ་གནས་ན་སྙམ་པ་རྣམས་འགྲན་པ་བཞིན་དུ་འཕེལ་བར་གྱུར་ཏོ་ཞེས་པའི་དོན་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཛད་པ་རྣམ་ཐར་རྣམས་རྗེ་འདི་གཅིག་པུས་མཛད་པའི་བཀའ་ཡིན་གསུང་འདུག་གོ །

        དེ་དུས་རྗེ་འདིའི་སྙན་གྲགས་ཕྱོགས་ཀུན་ཏུ་རྒྱས་པས་རྒྱ་ནག་ཏ་མིང་རྒྱལ་པོས་སྔར་ལན་འགའ་གདན་འདྲེན་ཞུས་ཀྱང་། རྗེ་རིན་པོ་ཆེ་དབེན་པར་བཞུགས་ནས་སྒོམ་སྒྲུབ་མཛད་པ་མ་གཏོགས་མང་པོའི་ནང་དུ་ཕེབས་པ་མེད་ཅེས་མ་བྱོན་པ་ཡིན་ལ། སྐབས་འདིར་མང་པོ་ལ་ཆོས་གསུང་གིན་འདུག་ཅེས་ཐོས་ནས། རྗེ་ཉིད་རྒྱ་ཡུལ་དུ་སྤྱན་འདྲེན་པའི་གསེར་ཡིག ཕྱག་རྟེན་གྱི་འབུལ་བ་དུ་མ་དང་། ཝང་བྲེ་བོ་ཏཱ་ཡེན་སོགས་ཏཱ་ཡེན་བཞི་དང་། མི་བརྒྱ་ཕྲག་མང་པོ་མངགས་བྱུང་བ་རྣམས་རིམ་གྱིས་སོང་ནས། འཕན་ཡུལ་ནས་མཚན་འགྲོས་བྱས་ཏེ་ནམ་ལངས་པའི་ཚེ་སེ་ར་ཆོས་སྡིངས་སུ་སླེབས།

        རྗེ་བླ་མ་མི་མང་ལ་མཇལ་ཁ་གནང་བ་ཐོས་ནས་ངེད་ཀྱི་རྒྱལ་པོས་ཕྱག་རྟེན་འབུལ་ཞེས་མངགས་པ་ཡིན་ཟེར་ནས་གློ་བུར་དུ་ལྷགས་པས། མཚམས་ལ་བཞུགས་པའི་དགེ་འདུན་མང་པོས་མཚམས་གྲོལ་བ་དང་། རྗེའི་ནང་འཁོར་རྣམས་ཀྱིས་རྗེ་རིན་པོ་ཆེ་འདིར་མང་པོའི་ནང་དུ་བཞུགས་པ་མེད། དབེན་པའི་བྲག་ཏུ་སྒོམ་སྒྲུབ་མཛད་ཀྱིན་ཡོད་ཅེས་སྨྲས་ཀྱང་། ཏཱ་ཡེན་སོགས་ཡིད་མ་ཆེས་པ་ལ། སྣེའུའི་དཔོན་དཔང་པོར་མཛད་ནས་དགའ་ཚད་བྱས། དོན་འདི་དག་རྗེ་རིན་པོ་ཆེས་ཐོག་མར་དྲང་པོར་མ་གསུངས་ན་རྫུན་དུ་འགྱུར་ཞིང་། རྒྱའི་ཕོ་ཉ་འོངས་པ་སོགས་དྲང་པོར་བཤད་ན་སློབ་མ་ཡོན་བདག་རྣམས་སེམས་གཡེང་བ་དང་། གཞན་དུ་འབྱོལ་བའི་གྲགས་པ་དང་། གང་དུ་ཕེབས་པའི་གནས་སུ་མི་མང་འགྲོ་འོང་བྱེད་པ་སོགས་ལ་དགོངས་ནས་གསུངས་པ་ཡིན་པས། རྗེ་འདི་ནི་ལྐོག་གྱུར་མཁྱེན་པ་ལ་ཐོགས་པ་མེད་ཅིང་ཐབས་ལ་མཁས་པ་ཡིན་ནོ། ། 

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།