རྗེའི་རྣམ་ཐར་ཆེན་མོ་ལས་རྩ་བ་ཤེས་རབ་ཀྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་མཛད་པའི་སྐབས།
དགུང་ལོ་ལྔ་བཅུའི་མེ་ཁྱི་ལོའི་སྟོན་གྱི་བར་བྱམས་པ་གླིང་ཉིད་དུ་བཞུགས་ཤིང་ཐུགས་དམ་ཤིན་ཏུ་འཕེལ་ལོ། །སྐབས་འདི་ནས་བཟུང་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྟོགས་པའི་ཡོན་ཏན་ཤིན་ཏུ་བརྟན་པར་གྱུར་པས། བསྒོམ་བཟླས་སོགས་ཀྱིས་སྐབས་སུ་ཆེད་དུ་གཏད་པའི་ཐུགས་མ་བཅུག་ན་དྲུང་འཁོར་རྣམས་ཀྱིས་གཏམ་སྨྲ་བ་འགྲོ་འོང་བྱེད་པ་སོགས་གང་བྱས་ཀྱང་ཐུགས་ཀྱིས་མི་ངེས་པར་གྱུར། ཕྱིས་སྐབས་ཤིག་མཁས་གྲུབ་རིན་པོ་ཆེས་མཉམ་བཞག་གི་རྟོགས་པ་འདི་ལྟ་བུ་ཅི་ཙམ་ནས་བྱུང་ལགས་ཞུས་པར། དགེ་སྦྱོར་གྱི་དུས་སུ་དེ་ལྟར་འོང་བ་ནི་བྱམས་པ་གླིང་དུ་སྡོད་པའི་སྐབས་ནས་ཡིན། དཔེ་ཆ་བལྟ་རྟོག་དང་ཞིབ་དུ་དཔྱོད་པའི་སྐབས་སུ་དེ་ལྟར་འོང་བ་ནི་སྔ་མོ་ནས་ཡོད། དེ་འདྲ་བ་འདུག་ཅེས་གསུང་ངོ་། །
གནས་དེར་སྔགས་སྤྱི་དང་ཁྱད་པར་དུ་བླ་མེད་དང་། བྱེ་བྲག་ཏུ་བདེ་མཆོག་གི་སྐོར་བོད་དུ་འགྱུར་རོ་ཅོག་གི་དོན་རྣམས་གསུངས་པས་ལུང་པ་དེ་ལ་གསང་སྔགས་ནང་ཞེས་པའི་མིང་ཆགས། གཞན་ཡང་སྔགས་ཀྱི་ཆོས་མང་དུ་གསུངས་པའི་གནས་རྣམས་ལའང་སྔགས་ནང་ཞེས་གྲགས་པ་ཡོད། དེ་ནས་བྱང་ཆུབ་ལུང་དུ་ཕེབས་ནས་དགུན་དེར་བཞུགས། མདོ་སྔགས་ཀྱི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ་གསང་སྔགས་ལམ་རིམ་གསུངས་སོ། །
དགུང་ལོ་ང་གཅིག་པའི་མེ་ཕག་ལོའི་དཔྱིད་སྐྱིད་ཤོད་དུ་ཕེབས། སེ་ར་ཆོས་སྡིངས་སུ་བཞུགས་ནས་མཚམས་དམ་པར་བཅད། གསང་འདུས་རིམ་ལྔ་དང་། མ་རྒྱུད་ཀྱི་རྫོགས་རིམ་འགའ་ཞིག་གསུངས། དབྱར་གནས་ཀྱང་དེར་མཛད། དེ་དུས་སྣེའུའི་དཔོན་གྱིས་དད་པ་དྲག་པོས་ཞབས་ཏོག་ཚད་མེད་པ་ནར་མར་བསྒྲུབས། སྐབས་འདིར་མགོན་པོ་ཕྱག་དྲུག་པར་དངོས་སུ་གཟིགས་ཤིང་། དེ་ཕྱིན་ཆད་འབྲལ་མེད་རྒྱུན་དུ་བསྲུང་བར་མཛད་དོ། །
ནང་ཐུགས་ཀྱི་སྲས་མཁས་གྲུབ་རིན་པོ་ཆེའི་རྗེ་རིན་པོ་ཆེས་ཡོན་ཏན་གྱི་སྙན་པ་གསན་ནས་དད་གུས་ཀྱིས་སྐབས་འདིར་འོངས་ནས་མཇལ། ལོ་འདིར་མཁས་གྲུབ་རྗེ་དགུང་ལོ་ཉེར་གསུམ་པ་ཡིན། ཡབ་སྲས་འདི་གཉིས་ནི་སྔོན་སྐུ་ཚེ་དུ་མར་དཔོན་སློབ་ཏུ་གྱུར་པའི་འབྲེལ་བ་ཆེ་བས། མཁས་གྲུབ་རྗེས་རྗེའི་ཞལ་མཐོང་ཙམ་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་འཁྲུངས་ཤིང་། རྗེས་ཀྱང་ཤིན་ཏུ་ཐུགས་བརྩེ་བར་མཛད་དོ། །དེ་ནས་རྗེ་རིན་པོ་ཆེས་མཁས་གྲུབ་རྗེ་ལ་ལམ་དུ་རྨི་ལམ་འདྲ་བྱུང་ངམ་གསུང་བ་ལ། མཁས་གྲུབ་པས། ཆུ་ཤུལ་ཞེས་པའི་ས་ཆར་ཞག་བྱས་པའི་ནུབ་མོ་ཤིན་ཏུ་མུན་པས་གར་འགྲོ་མ་ཤེས་པར་གྱུར་པ་ལ། ཤར་ཕྱོགས་ནས་རལ་གྲིའི་འཁོར་ལོ་རྩིབས་སྟོང་ཅན་གྱི་ལྟེ་བར་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་མདོག་ཅན། གླེགས་རལ་བསྣམས་པ། ཤིན་ཏུ་མཛེས་པ་བཞུགས་ཤིང་། རྩིབས་རེའི་རྩེ་ལ་ཉི་མའི་དཀྱིལ་འཁོར་རེ་ཡོད་པ་ཞིག་བྱུང་ནས་ངའི་ལུས་ལ་ཐིམ་པས་འཛམ་གླིང་འོད་ཀྱིས་ཁྱབ་པ་རྨིས། ཞེས་ཞུས།
དེར་རྗེས། ཁྱོད་ཀྱི་རྨི་ལམ་ཤིན་ཏུ་བཟང་། བསྟན་བགྲོར་ཕན་ཐོགས་ཆེན་པོ་འོང་། ང་ལ་འཇམ་དབྱངས་སུ་མཐོང་བ་ནི་དོན་ལ་གནས་ཀྱང་མང་པོ་ལ་ཐ་མལ་བའི་རྣམ་པར་བསྟན་པ་ཡིན། དེའི་རྗེས་འཇུག་རྣམས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་འཇམ་དབྱངས་ཨ་ར་པ་ཙ་ན་ལ་བྱེད་དགོས། འདི་ལ་རྟེན་འབྲེལ་ཞིག་ཡོད་གསུང་། དེར་མཁས་གྲུབ་རྗེས་ཕྱག་བྱས་ཏེ། ཁོ་བོ་གཤེད་དམར་དང་འཇམ་དབྱངས་སྨྲ་སེང་ལ་བསྟེན་པ་ཡོད་པས་ང་རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་གནང་བར་ཞུ་ཞུས་པ་ལ། རྗེ་རིན་པོ་ཆེས་བརྩེ་བས་དགོངས་ཏེ། རྗེ་རང་ཉིད་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྗེས་གནང་། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་སོགས་མཁས་གྲུབ་གཅིག་པུ་ལ་རྫོགས་པར་གནང་། དུས་དེར་སྤྱན་སྔ་པ་བསོད་ནམས་བཟང་པོ་དང་། མི་དབང་གྲགས་རྒྱན་དང་། དཀོན་མཆོག་ཚུལ་ཁྲིམས་སོགས་ཀྱིས་ཞུས་པས་རྩ་ཤེའི་ཊིཀ་ཆེན་རྩོམ་པར་བཞེད་དེ། གཞུང་གི་དཀའ་གནད་ལ་ཞིབ་ཏུ་དཔྱད་པས་དོན་འགའ་ཞིག་ལ་དཔྱད་དཀའ་བ་ཕྲན་བུ་བྱུང་བས། འཇམ་པའི་དབྱངས་ལ་གསོལ་བ་ཤུགས་དྲག་མཛད་པའི་ཚེ། ཡུམ་གྱི་མདོ་ནས་གསུངས་པའི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་གསེར་གྱིས་བྲིས་པ་ལྟ་བུའི་ཡི་གེ་བར་སྣང་གང་བ་ཡང་ཡང་གཟིགས་ཤིང་། རྩ་ཤེའི་དོན་རྣམས་ལ་འབད་རྩོལ་མེད་པར་ཐེ་ཚོམ་ལྷག་མེད་དུ་ཆོད་པར་གྱུར། དེ་འཕྲལ་དུ་རྩ་བ་ཤེས་རབ་ཀྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་མཛད་དོ། །
འགྲེས་རྐང་གི་ཡི་གེ་གཟིགས་པ་ལ། རྣམ་ཐར་དད་པའི་འཇུག་ངོགས་སུ་འདིར་གཟིགས་པར་གསུངས་ལ། རྣམ་ཐར་ལེགས་བཤད་ཉིན་བྱེད་ལས་གསེར་ཕྲེང་རྩོམ་པའི་དུས་སུ་གཟིགས་པར་བཤད། ཙོང་ཁ་བརྒྱད་ཅུ་པ་ལས། ཕར་ཕྱིན་དགོངས་འགྲེལ་རྣམ་བཤད་མཛད་པའི་ཚེ། །གསེར་གྱི་ཁ་དོག་ལྟ་བུའི་ཡི་གེའི་ཚོགས། །ནམ་མཁའི་ཁམས་ཀུན་ཁྱབ་པར་གཟིགས་པ་ཡིས། །ཡུམ་དོན་ཐུགས་སུ་ཆུད་པའི་ཙོང་ཁ་པ། །ཞེས་གསུངས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn