རྗེའི་རྣམ་ཐར་ཆེན་མོ་ལས་སྔགས་རིམ་ཆེན་མོ་མཛད་པའི་སྐབས།
དགུང་ལོ་ཞེ་དགུ་བའི་ཤིང་བྱ་ལོར་བྱམས་པ་གླིང་དེ་ཉིད་དུ་བཞུགས། དེའི་ཚེ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་། སྤྱན་སྔ་རིན་པོ་ཆེའི་གདུང་རྒྱུད་བླ་མ་བསོད་ནམས་བཟང་པོ་སོགས་དམ་པ་མང་པོས་གསོལ་བ་བཏབ་པ་ལ་བརྟེན་ནས། རྒྱུད་སྡེ་བཞིའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བསྟན་བཅོས་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བའི་ལེགས་བཤད་རྨད་དུ་བྱུང་བ་བཀའ་རྩོམ་མཛད། འདི་ནི་སྔགས་རིམ་ཆེན་མོ་ཞེས་གྲགས་པའི་གསུང་རབ་དེ་ཡིན་ནོ། །འདི་ལ་རྗེ་རིན་པོ་ཆེས་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་ཆེན་པོ་མཛད་པ་ལ། སྔར་རྒྱ་སོག་ཕུར་བཞུགས་དུས་གྲུབ་ཆེན་རྣམས་དང་། སློབ་དཔོན་ཨ་བྷ་ཡའི་གཞུང་ལ་བརྟེན་ནས་ཕན་པ་ཆེན་པོའི་གྲུབ་པར་འགྱུར་རོ། །ཞེས་གསུང་བ་དེ་མ་གཏོགས་རྩོམ་པ་རང་གིས་སྐབས་སུ་དུས་མྱུར་ཆེས་གསོལ་བ་འདེབས་པ་སོགས་ཡུན་རིང་མ་གྲུབ་པས་རྒྱུ་མཚན་ཁྱད་པར་གཞན་ཆེར་མེད་དོ། །ཞེས་གསུང་ངོ་། །
སྤྱིར་རྗེ་རིན་པོ་ཆེ་འདི་ནི་ལྷན་སྐྱེས་གྱི་མཁྱེན་རབ་ཤིན་ཏུ་ཕུལ་དུ་བྱུང་བའི་སྟེང་དུ་མཁས་པ་མང་པོ་ལ་བརྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་རིང་དུ་སྦྱངས་པ་ལ་བརྟེན་ནས། རིགས་པ་དང་མི་རིགས་པའི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་བློ་གྲོས་ཀྱི་ནུས་པ་མཐའ་ཡས་པ་རྒྱས་པའི་སྟེང་དུ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས། མཁས་བཙུན་བཟང་གསུམ་གྱི་གྲགས་པས་གངས་ཅན་གྱི་ཁྲོད་འདི་ཁྱབ་པར་གྱུར་ཏེ། ཀརྨ་པ་དཀོན་གཞོན་ལྟ་བུའི་བློ་ཚད་མ་བ་ཀུན་གྱིས་ཀྱང་། རྗེ་འདིའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དང་། སྒོམ་སྒྲུབ་ཀྱིས་རྟོགས་པ་མཐོན་པོ་བརྙེས་པའི་བཙུན་པའི་ཡོན་ཏན་དང་། བསྟན་འགྲོར་ཕན་པ་རྒྱ་ཆེན་མཛད་པའི་བཟང་པོའི་ཡོན་ཏན་ཤིན་ཏུ་ངོ་མཚར་བ་རྣམས་ལ་དབང་མེད་དུ་དད་གུས་སྐྱེས་ཏེ་བསྙེན་བཀུར་བར་གྱུར་ཏོ། །
ཁྱད་པར་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་ཚུལ་སྔགས་རིམ་གྱི་མཇུག་ཏུ་འདི་ལྟར་གསུངས་ཏེ། མཚམས་སྤྲིན་གཞོན་ནུས་འབྱུང་བའི་གསེར་གྱི་རིས། །ཨིནྡྲ་ནཱི་ལའི་ཐོར་ཅོག་བཅིངས་པ་བཞིན། །དམར་སེར་སྐུ་ཡིས་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་བའི་ཟུར་ཕུད་ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་བཞིན་རྗེས་སུ་བཟུང་བའི་དྲིན་ལས་ནི། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ། བློ་གྲོས་ཐོགས་པ་མེད་པར་འཇུག་པར་ཤོག །ཅེས་དང་། དྲི་བ་ལྷག་བསམ་རབ་དཀར་ལས། འཇམ་དབྱངས་བླ་མས་རྗེས་བཟུང་ཞེས་བགྱི་བས། །དབེན་པའི་སྒྲུབ་གནས་ཁྱད་པར་ཅན་གྱི་རི་སུལ་ནས་ཞུས་པ། ཞེས་གསུངས་པ་སོགས་གསུང་གི་ཟུར་ལ་ཐོན་པ་ཡོད་དོ། །དེ་ལྟར་འཇམ་པའི་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུ་རྐྱེན་ནི་སྔགས་རིམ་གྱི་དབུའི་ཚིགས་བཅད་ལས། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །དགྱེས་ནས་སྤྱན་རས་ཙམ་གྱིས་བཙས་པ་ལའང་། །རྒྱལ་བའི་དགོངས་ཟབ་རྟོགས་པའི་རྣལ་འབྱོར་གྱི། །མཆོག་སྦྱིན་མཛད་ཅེས་ཐོས་ནས་རིང་ཞིག་ནས། །རྒྱུན་མི་ཆད་དུ་ལྷག་པའི་ལྷར་བསྟེན་ཞིང་། །ད་དུང་ཁྱེད་ཀྱི་ཞབས་པད་སྤངས་ནས་ནི། །ནམ་ཡང་སྐྱབས་གཞན་མེད་དོ་མཁྱེན་པའི་གཏེར། །བདག་གི་རེ་བ་འབྲས་བུ་མཆིས་པར་མཛོད། །ཅེས་པ་སོགས་མང་དུ་ཡོད་ཅིང་། ལྷ་འདིའི་མཚན་རྗེན་པར་མི་བརྗོད་པར་མཁྱེན་པའི་གཏེར་ཞེས་པ་ལྟ་བུ་ཞེས་སའི་ཚིག་གིས་གསུངས་པའང་མང་ངོ་། །
དེ་ནས་སྡེ་སྣོད་འཛིན་པ་མང་པོ་ལ་སྔགས་རིམ་ཆེན་མོ་གསུངས། དེའི་ཚེ་བར་ཆད་ཀྱི་ལྟས་ཤིན་ཏུ་རྩུབ་པ་ཅི་རིགས་བྱུང་། དགེ་བཤེས་གཅིག་གཉིས་ཀྱང་འདས། དེར་དཔོན་སློབ་རྣམས་ཀྱིས་སྐུ་མཚམས་དམ་པར་མཛད་དེ། ཐུགས་དམ་དང་བཟློག་པ་སོགས་ལ་འབད་པས་ཚེགས་མེད་པར་བཟློག དེའི་ཚེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་ལས་གཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བར་བརྩམས། དེའི་རྗེས་འཇུག་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་ལ་ཡི་དམ་དུ་བསྟེན་ན་ནད་དང་བགེགས་ཀྱིས་མི་ཚུགས་པ་སོགས་གསུངས་པ་ཡོད། ཡང་རྡོ་རྗེ་རྣམ་འཇོམས་ཀྱི་བསྟོད་པ་ནག་ཕྱོགས་ཀྱི་ཉེར་འཚེ་ཞི་བའི་གསོལ་འདེབས་བཅས་བརྩམས། འདི་ལ་བརྟེན་ན་ཆོས་ཀྱི་བྱ་བ་བགེགས་མེད་དུ་འགྲུབ་གསུང་། ཡང་འདིར་བཞུགས་པའི་སྐབས་སུ་འདུས་སྡེའི་ལུགས་སྲོལ་དག་པར་བྱ་བའི་ཕྱིར་བཅའ་ཡིག་རྣམ་གཉིས་མཛད་དོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn