རྗེའི་རྣམ་ཐར་ཆེན་མོ་ལས་ཚད་མའི་ལམ་སྒྲིག་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 09:57:12     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་བརྒྱད་པའི་ཤིང་སྤྲེལ་ལོའི་དཔྱིད་རྭ་སྒྲེང་དུ་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ལ་མཆོད་པ་དང་སྨོན་ལམ་རླབས་ཆེ་བ་མཛད། དེ་ནས་རིམ་གྱིས་ལྷ་ས་ཕུ་དགོན་གསར་དུ་ཕེབས། ཚད་མ་རྣམ་འགྲེལ་གྱི་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་ནས་གསུངས་པས་མཁས་པ་ཀུན་གྱིས་སྔར་ཐོས་མ་མྱོང་བའི་རིགས་པ་ཡང་དག་བརྙེས་ཤིང་། ཚད་མའི་བསྟན་བཅོས་ནི་ཉམ་ལེན་གྱི་གཞུང་ཡིན་པར་ངེས་པར་གྱུར། འདིར་རྣམ་ཐར་ཆེན་མོ་ལས། བློ་གྲོས་དང་ལྡན་པའི་སྡེ་སྣོད་འཛིན་པ་དུ་མ་ལ། ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ་མཐའ་དག་རིགས་པའི་ལམ་ནས་དྲངས་ཏེ། གཞུང་ལམ་གྱི་རིམ་པར་བསྒྲིགས་ནས། ཉམས་ལེན་ལ་སྦྱར་ནས་གསུངས་པས། སྡེ་སྣོད་འཛིན་པ་ཐམས་ཅད་སྔོན་ལན་ཅིག་ཀྱང་མ་མྱོང་བའི་ལེགས་པར་བཤད་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་མྱོང་བས་ཡིད་ཀྱི་སྐྱེས་བུ་རང་དབང་མེད་པར་ཕྲོགས་ཏེ་ངོ་མཚར་བའི་གཏམ་གྱིས་དུས་འདའ་བར་བྱེད་ཅིང་། དེ་ཕྱིན་ཆད་ཀྱང་སྐབས་སྐབས་སུ་གསུངས་པས། སྔོན་ཆད་གངས་རིའི་ཁྲོད་འདིར་ཚད་མ་ཚིག་གི་ན་ཡམ་མམ་ཕྱིའི་གོ་རྒྱ་གཅོད་པའི་ཚེ་བསྟན་བཅོས་གཞན་བལྟ་བ་ལ་བློ་ཅུང་ཟད་དྲག་ཏུ་འགྲོ་བའི་ཡན་ལག་ཙམ་དུ་ཉེ་བར་མཁོ་བར་ཟད་ཀྱི། འདི་ཉམས་ལེན་ལ་མཁོ་བའི་ཐེ་ཚོམ་ཙམ་ཡང་སུ་ལའང་མེད་པས། ཕལ་མོ་ཆེ་ཞིག་དོན་མ་ཡིན་སྐྱེད་པར་བྱེད་པ་ལ། ད་ལྟ་བློ་གྲོས་དང་ལྡན་ཞིང་གཟུ་བོར་གནས་པ་དག་ལ་འདི་ཉིད་ཉམས་ལེན་སྟོན་པའི་བསྟན་བཅོས་གཅིག་ལ་རྨད་དུ་བྱུང་བའི་ཕྱོགས་མཐོང་ཙམ་ཡོད་པ་འདི་ནི། རྗེ་རིན་པོ་ཆེ་འདི་འབའ་ཞིག་གི་ཐུགས་རྗེ་ལ་བརྟེན་པ་ཡིན་ཏེ། འདི་ཙམ་གྱི་བཀའ་དྲིན་ཡང་གངས་ཅན་པ་ཡོངས་ཀྱིས་བསབ་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །

        དེ་ནས་མི་དབང་གྲགས་པ་རྒྱལ་མཚན་གྱིས་ནན་ཏན་གྱིས་གསོལ་བ་བཏབ་པས་འོན་སྡེ་ཆེན་སྟེང་དུ་ཕེབས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མས་དབྱར་གནས་མཛད། རྒྱལ་བཟང་སྨོན་མཁར་ནས་ཞབས་ཏོག་གྱ་ནོམ་པ་བསྒྲུབས། ཡང་དཔོན་ཤཱཀྱ་ཤྲཱིས་ཡི་གེ་ཕུལ་ནས་ཤེས་རབ་འཕེལ་བའི་སྨོན་ལམ་ཞུས་པའི་བཀའ་རྩོམ་གནང་བ་ནི། སྭ་སྡི། སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཏེར་གཅིག་པུར་གྱུར་པ། བསྟན་པ་རིན་པོ་ཆེའི་བདེ་བ་དུ་མས་ཕྱོགས་འདིར་གསལ་བར་མཛད་ནས། བོད་ཀྱི་མངའ་རིས་ཆོས་ལྡན་དུ་སྐྱོང་བའི་ས་སྐྱོང་ཆེན་པོ་རྣམས་ཀྱི་གདུང་རབས་སུ་འཁྲུངས་ཤིང་། ཡ་རབས་དམ་པའི་ཡོན་ཏན་གྱིས་བརྒྱན་པ། དཔལ་ལྷ་བཙན་པོ་སྐུ་ཁམས་བཟང་བའི་ཐད་ནས་གསུང་ཡིག་ཚིག་དོན་བཟང་བོ་དར་ཁ་དཀར་པོའི་སྐྱེས་དང་བཅས་པ་བསྐུར་བ། དགེ་བཤེས་ཤེས་རབ་དབང་ཕྱུག་གིས་བདག་གི་གམ་དུ་འཕྲོད་པས་སྤྲོ་བ་འཕེལ་བར་གྱུར།

        བདག་ཀྱང་རྒྱལ་བའི་བསྟན་པ་སྐྱོང་བ་ལ་ཆེར་རྔོ་མི་ཐོག་ནའང་བསམ་པ་བཟང་པོ་མ་དོར་ཙམ། གང་གི་ནོར་གྱིས་ལྷ་དབང་འབྱོར་བ་ཡང་། །ཟིལ་གནོན་འཕགས་པའི་ནོར་མཆོག་དད་པ་དང་། །རྣམ་དཔྱོད་ཤེས་རབ་ནོར་གྱི་དཔལ་ཡོན་ཅན། །ལྷ་རིགས་དམ་པའི་རྒྱུ་འཛིན་ཤཱཀྱ་ཤྲཱི། །སྲིད་ཞིའི་ཕུན་ཚོགས་གང་ལས་ལེགས་གྲུབ་པའི། །དྲི་མེད་རྣམ་དཔྱོད་ཡར་ངོའི་ཟླ་བཞིན་དུ། །འཕེལ་བྱེད་སྨོན་ལམ་འདེབས་པ་སྤྲོ་བ་ལེགས། །གང་ཕྱིར་ཤེས་རབ་ལམ་གྱི་སྲོག་ཡིན་ཕྱིར། །འོན་ཀྱང་ཤེས་རབ་འཕེལ་བའི་བླ་མེད་རྒྱུ། །དམ་པའི་མགོན་ལས་དམ་ཆོས་ཡང་ཡང་དུ། །གསན་ཞིང་དེ་དོན་རིང་དུ་སེམས་པ་ཡིན། །དེ་ཕྱིར་དེ་མཛོད་ཉིད་ཀྱིས་ལེགས་སྦྱར་ཀྱང་། །བདེན་གཉིས་འབྱེད་ལ་གཞན་དྲིང་མི་འཇོག་པའི། །རྒྱལ་བ་དགྱེས་པའི་ཤེས་རབ་ཐོབ་བྱའི་ཕྱིར། །ཉིན་རེ་ཞིང་ཡང་ལན་གསུམ་བསྔོ་བའི་ཚེ། །བྱང་ཆུབ་སེམས་མཆོག་གཉིས་ཀྱིས་ལེགས་བཟུང་ནས། །འཁོར་བཅས་རྒྱལ་བའི་ཚོགས་ལ་དབང་གསོལ་ཏེ། །ཤུགས་དྲག་འདུན་པས་ཡང་དང་ཡང་གསོལ་ན། །བཞེད་དོན་བདེ་བླག་ཉིད་དུ་འགྲུབ་པས་ན། །ལྷ་ཁྱོད་ཚུལ་དེར་རྟག་ཏུ་དགྱེས་པ་བསྐྱེད། །བདག་གི་ལེགས་སྤྱད་དུས་གསུམ་དང་། །འབྲེལ་བ་ཇི་སྙེད་མཆིས་པ་ཡིས། །རྒྱལ་བའི་མཁྱེན་རབ་ཐོབ་པར་ཤོག །དེར་མ་སོན་པ་ཀུན་ཏུ་ཡང་། །རབ་འབྱམས་གསུང་རབ་དོན་རྣམས་ནི། །ཇི་བཞིན་འབྱེད་ལ་མངའ་འབྱོར་བའི། །རླབས་ཆེན་ཤེས་རབ་ཐོབ་པར་ཤོག །ཇི་ལྟ་ཇི་སྙེད་དོན་རྣམས་ཀྱི། །ཕྲ་བའི་གནས་རྣམས་འབྱེད་པ་ལ། ཀུ་ཤའི་རྩེ་མོ་དང་འདྲའི་བློ། །གསལ་བའི་ཤེས་རབ་ཐོབ་པར་ཤོག །མ་རྟོགས་པ་དང་ལོག་རྟོག་དང་། །ཐེ་ཚོམ་དྲི་མས་ཡིད་བསྐྱོད་ཚེ། །དེ་མ་ཐག་ཏུ་འགོག་ནུས་པའི། །མྱུར་བའི་ཤེས་རབ་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་གནས་རྣམས་ཀྱི། །དོན་བཟང་རེ་རེའི་ཆ་ལ་ཡང་། །གཏུགས་པ་མེད་པར་འཇུག་པ་ཡི། །ཟབ་པའི་ཤེས་རབ་ཐོབ་པར་ཤོག །མདོར་ན་འཆལ་བའི་ཤེས་རབ་ཀྱི། །སྐྱོན་དང་བྲལ་བའི་རྣམ་དཔྱོད་ཀྱིས། །རང་གཞན་དོན་གཉིས་སྒྲུབ་པ་ལ། །བདག་ནི་འཇམ་པའི་དབྱངས་བཞིན་ཤོག །ཅེས་བདེ་ཆེན་སྟེང་ནས་ཉེར་ལྔ་ལ་ཕུལ་བའི་སྐྱེས་ཀྱི་མཚོན་པར་ཕྱག་ཕྱིས་ཅིག་འབུལ། ཞེས་པ་འདི་ནི་ཡར་ལུང་ཇོ་བོ་ལ་གདམས་པའོ། ། 

                                                                རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།