རྗེའི་རྣམ་ཐར་ཆེན་མོ་ལས་བྱང་ཆུབ་གཞུང་ལམ་སོགས་མཛད་པའི་སྐབས།
ཡང་ལམ་རིམ་གྱི་དབུའི་ཚིགས་བཅད་ལས། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་། །མང་ཐོས་ཉམས་ལེན་གནང་ལ་མི་མཁས་ཤིང་། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང་། །དལ་བའི་རྟེན་བཟད་དོན་ལྡན་བྱེད་འདོད་པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །ཞེས་དང་། མཇུག་གི་ཚིགས་བཅད་ལས། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །ཞེས་གསུངས་པ་ལྟར་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ཐམས་ཅད་སྟེར་བའི་ཡིད་བཞིན་གྱི་ནོར་བུ་དང་། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཐམས་ཅད་འདུས་པས་བདུད་རྩིའི་རྒྱ་མཚོ་ལྟ་བུ་ཡིན་ཞིང་། གསུང་རབ་འདི་མཐོང་ཐོས་ཀློག་མཆོད་སོགས་བྱེད་པ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་ཡིད་བཞིན་དུ་འགྲུབ་པར་ངེས་པས་བློ་ལྡན་དག་གིས་སེམས་ལ་འཇོག་དགོས་སོ། །
ཡང་ལམ་རིམ་འདི་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེའི་བྱིན་རླབས་ལས་གྲུབ་པ་ཡིན་ཞིང་། ཉེ་བརྒྱུད་ནི་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་པའི་དབྱངས་ལས་མནོས་པ་ཡིན། དེས་ན་སྨོན་ལམ་གྱི་ཚིགས་བཅད་ལས། སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ཅེས་གསུངས་ལ། འདི་རྩོམ་པའི་སྐབས་སུ་སྟོན་པ་བཅོམ་ལྡན་འདས་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་བྱོན་ནས་བྱིན་གྱིས་བརླབས་པ་དང་། ཇོ་བོ་རྗེ་སོགས་ཟླ་བའི་བར་དུ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། སྔར་རྒྱ་སོག་ཕུ་སོགས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ཀླུ་སྒྲུབ་ཐོགས་མེད་སོགས་བླ་མ་རྣམས་ཀྱིས་ཡང་ཡང་བྱིན་གྱིས་བརླབས་པས་རྨད་དུ་བྱུང་བའི་ལམ་རིམ་འདི་བརྩམས་པ་ཡིན་པས། འདི་ཡི་དམ་དུ་བྱེད་པ་དག་ལ་བླ་མ་དེ་རྣམས་དང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་ངེས་སོ། །
ཡང་ལམ་རིམ་འདི་ཉམས་སུ་ལེན་པ་དག་ལ་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། རྣམ་སྲས་སོགས་སྲུང་མ་རྣམས་ཀྱིས་འབྲལ་མེད་དུ་བསྲུང་ཞིང་འཕྲིན་ལས་བསྒྲུབ་པར་འཇམ་པའི་དབྱངས་ཀྱིས་གསུང་བ་ཡོད་ཅིང་། ཡང་གོང་དུ་བཤད་པའི་གཉན་ཆེན་ཐང་ལྷ་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་ཀྱང་གྲོགས་མཛད་ཅིང་བསྲུང་བ་སོགས་ངོ་མཚར་བའི་རྒྱུ་མཚན་དང་ཕྲ་ཟབ་མང་དུ་ཡོད། འདིར་ནི་ཟུར་ཙམ་སྟེ། རྒྱུ་མཚན་དང་ཕན་ཡོན་སོགས་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །
དེ་ནས་རྗེ་རིན་པོ་ཆེས་ད་ཕྱིན་ཆད་སྔགས་ཀྱི་ཆོས་ཐན་ཐུན་འཆད་འདོད་པས། ཁྱེད་དྲག་པ་འགའ་རེས་ཆོས་རྗེ་ལོཙྪ་བ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་ཞུས་ལ་སྔགས་ཀྱི་སྡོམ་པ་སོར་ཆུག་གསུང་། སློབ་དཔོན་རིན་པོ་ཆེ་འདུལ་འཛིན་པའི་ཞལ་སྔ་ནས་གཙོ་མཛད། ཉི་ཤུ་རྩ་ལྔས་དབང་ཞུས། དེ་ཡང་རྗེ་རིན་པོ་ཆེ་རང་གིས་སྨོན་འཇུག་གི་སྡོམ་པ་ཕོག་པ་འགའ་ཞིག་མ་གཏོགས་པ་རྣམས་ལ། ཆོས་རྗེ་ལོ་ཙྪ་བས་སྨོན་འཇུག་གི་སྡོམ་པ་ཕོག་ཅིང་། དེ་ནས་དབང་བསྐུར་བར་མཛད་དོ། །
གཞན་ཡང་གནས་དེ་ཉིད་དུ། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་སྔར་གནམ་རྩེར་ལྡེང་དང་ལམ་པ་དགོན་པ་སོགས་སུ་སྨོན་འཇུག་གི་སྡོམ་པ་གནང་བ་འགའ་ཞིག་གི་ཆེད་དུ་གཙོ་བོར་དགོངས་ཤིང་། སྤྱིར་བྱང་སྡོམ་བསྲུང་འདོད་དག་ལ་ཕན་པའི་ཕྱིར་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་བརྩམས། ཡང་འཇིག་རྟེན་མགོན་པོ་འབྲི་ཁུང་ཆོས་རྗེ་ཞེས་གྲགས་པའི་གདུང་རྒྱུད་གུ་ཤྲཱི་ཆེན་པོ་དོན་གྲུབ་རྒྱལ་པོ་དང་། ཆོས་སྒོ་པ་བཀྲ་ཤིས་རིན་ཆེན་དང་། ཆོས་རྗེ་ལོ་ཙཱ་བ་སོགས་དོན་གཉེར་ཅན་མང་པོས་བསྐུལ་བས་བླ་མ་ལྔ་བཅུ་པའི་རྣམ་བཤད་དང་། རྩ་ལྟུང་རྣམ་བཤད་གཉིས་བརྩམས། བླ་མ་ཤེས་རབ་དཔལ་བཟང་གི་ཞུས་ལན་དུ་མདོ་སྔགས་ཀྱི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་བརྩམས་ཏེ་གནང་ངོ་། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn