རྗེའི་རྣམ་ཐར་ཆེན་མོ་ལས་དབུ་མའི་ལྟ་བ་རྙེད་དེ་རྟེན་འབྲེལ་བསྟོད་པ་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 11:07:38     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་གཉལ་ཕྱོགས་སུ་བསྟན་འགྲོའི་དོན་ལེགས་པར་མཛད་ནས། ཞེ་གཅིག་པའི་སྟོན་དེར་འོལ་ཁའི་ཕྱོགས་སུ་ཕེབས། དེ་ནས་འོ་དེ་གུང་རྒྱལ་གྱི་རིའི་ལོགས་དབེན་གནས་དྭགས་པོ་ལྷ་སྡིངས་སུ་བཞུགས་ནས་ཆོས་མང་དུ་གསུངས། དེ་ཡང་ཐལ་རང་གི་ལྟ་བའི་གནད་རྣམས་ལ། བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་དེ་བར་དུ་དཔྱད་པ་ནར་མར་མཛད་ནའང་། མཐར་ཐུག་པའི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མ་ཐུབ། གནས་དེར་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་དུ་བྱས་ཤིང་གསོལ་བ་དྲག་ཏུ་འདེབས་པ་དང་། རིགས་པའི་དཔྱད་པ་ཞིབ་པར་མཛད་པས། མཚན་མོ་ཞིག་མནལ་ལམ་དུ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔ་རང་བཞིན་ཡོད་མེད་ཀྱི་གནད་རྣམས་ལ་འབེལ་བའི་གཏམ་གྱིས་བཀའ་འགྲོ་བ་མཛད་ཀྱིན་འདུག་པའི་ནང་ནས། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྜི་ཏ་སྔོ་བསངས་སྐུ་བོངས་ཆེ་བ་ཞིག་གིས་དབུ་མའི་རྒྱ་དཔེ་ཞིག་ཕྱག་ན་བཟུང་བ་ཚུར་བྱོན་ནས་རྗེའི་དབུ་ཐོག་ཏུ་བཞག་སྟེ་བྱིན་གྱིས་བརླབས། བུད་ངྷ་བཱ་ལི་ཏའི་ལུགས་བཞིན་རྩ་ཤེས་ཚར་གཅིག་གསུང་བ་བྱུང་།

        དེའི་སང་ཉིན་རབ་བྱུང་ཅིག་གིས་བུད་ངྷ་པཱ་ལི་ཏའི་དཔེ་ཞིག་ཕུལ་བས་རྟེན་འབྲེལ་འགྲིགས། རྩ་བ་ཤེས་རབ་ནི་ཡུམ་གྱི་མདོ་ནས་གསུངས་པའི་སྟོང་པ་ཉིད་ཀྱི་དོན་བཀྲལ་བའི་བསྟན་བཅོས་ཡིན་ཞིང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ལ། བུད་ངྷ་པཱ་ལི་ཏ་ནི་དེའི་འགྲེལ་པ་སྟེ་སངས་རྒྱས་བསྐྱངས་ཀྱིས་མཛད་པའོ། ། རྗེ་འདིས་དེའི་ཚེ་བུད་ངྷ་པཱ་ལི་ཏ་ལ་གཟིགས་པས་འབད་པ་མེད་པར་ཐལ་འགྱུར་བའི་ལྟ་བའི་གནད་དང་དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་བར་གྱུར་ཏེ། ཕྱིན་ཆད་རང་རེའི་རྗེས་འཇུག་རྣམས་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་འདི་ལའང་བལྟ་དགོས་ཞེས་ཡང་ཡང་གསུང་བའི་རྒྱུ་མཚན་ནི། དེ་ལ་བལྟས་ན་ལྟ་བའི་གནད་ལ་ངེས་པ་ལྷག་པར་རྙེད་པའི་རྟེན་འབྲེལ་ཞིག་ཡོད་པས་དེ་ལྟར་བྱས་པ་ཡིན་ཞེས་གསུང་ངོ་། །

        དེས་ན་རྩ་ཤེས་རྒྱ་ཆེར་འགྲེལ་མཛད་པའི་སྐབས་སུ། གཞུང་དཀའ་བའི་གནས་ཕལ་ཆེ་བར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་རེ་དྲངས་པའི་བཤད་པའང་ཆེད་ཀྱིས་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། ། དགུང་ལོ་ཞེ་གཉིས་པའི་ས་སྟག་ལོའི་དཔྱིད་དབྱར་གཉིས་དྭགས་པོ་ལྷ་སྡིངས་ཉིད་དུ་སྟོང་ཉིད་བསྒོམ་ཞིང་བཞུགས། སྐབས་འདིར་སྟོན་པ་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པའི་བསྔགས་པ་བརྗོད་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་མཛད་དོ། །

        འདིར་རྣམ་ཐར་ཆེན་མོ་ལས། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་རིགས་པའི་སྟོབས་ཀྱིས་སྒྲོ་འདོགས་ལྷག་མ་མེད་པར་ཆོད་དེ། །སྟོང་བ་ཉིད་ལ་ཐུགས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ལྷུར་མཛད་ཅིང་། ཡང་དག་པའི་དྲན་ཤེས་ཀྱིས་ལེགས་པར་བསྐྱངས་པའི་གོམས་པ་ཕུལ་དུ་ཕྱིན་པར་མཛད་པའི་སྟོབས་ཀྱིས། རྗེ་ཉིད་ཀྱི་ཞལ་ནས། ད་ལྟ་ལེགས་པར་གོམས་པས་རྗེས་ཐོབ་ཏུའང་སྣ་ཚོགས་པའི་སྣང་བ་འདི་ཐམས་ཅད་སྟོང་བཞིན་དུ་སྣང་བའི་སྒྱུ་མ་ལྟར་འཆར་གྱི། སྟོང་པ་ཉིད་ཀྱིས་རྒྱས་མ་ཐེབས་པའི་སྣང་བ་རང་དགའ་བ་མི་འཆར་བར་འདུག་ཅེས་གསུང་ངོ་། ། ཚུལ་འདི་ནི་མཁས་པ་མགུ་བར་བྱེད་པའི་རྣམ་པར་ཐར་པ་ཆེས་དཔག་པར་དཀའ་བ། རྒྱལ་བ་སྲས་དང་བཅས་པས་ཀྱང་བསྟོད་པའི་ཕྲེང་བས་བསྔགས་པར་བྱ་བའི་ཡུལ་ཡིན་ན། བདག་ཅག་དག་གིས་ལྟ་སྨོས་ཀྱང་ཅི་ཞིག་འཚལ།

        དེ་ཡང་བླ་མ་འདི་ནི། གོང་དུ་བརྗོད་པ་ལྟར། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་ནས་གསོལ་བ་འདེབས་པ་དང་། བསག་སྦྱང་སོགས་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་ཅིང་། སྐྱེ་བོ་ཕལ་བ་རྣམས་ཀྱི་བློ་ཡུལ་དུ་བྱ་དཀའ་བ་ཙམ་གྱི་བསྙེན་བསྒྲུབ་ལ་རྒྱུན་མི་འཆད་དུ་བརྩོན་པར་མཛད་པས། ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་པའི་ཚུལ་དཔག་པར་དཀའ་བ་ཡོད་ལ། ཁྱད་པར་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་ཡང་ཡང་གཟིགས་ཤིང་། དགེ་བའི་བཤེས་གཉེན་མཛད་པའི་སྟོབས་ཀྱིས། གསུང་རབ་མཐའ་དག་གི་དོན་ལ་འཁྲུལ་བ་མི་མངའ་བར་གྱུར་པ་ཡིན་ལ། ཇི་འདྲ་བའི་རྟོགས་དཀའ་བ་ཞིག་ཡིན་ནའང་། ཐོག་མར་རིགས་པས་ཞིབ་ཏུ་དཔྱད་པས་ཕལ་ཆེར་དགོངས་འོང་། དེ་ལྟར་མཛད་ཀྱང་ཐུགས་ངེས་མཐའ་ཆོད་པ་འདྲེན་མ་ཐུབ་པ་རྣམས་ལ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་ལ་གསོལ་བ་དྲག་ཏུ་བཏབ་ཅིང་མཎྜལ་ཕུལ་བས། དེ་མ་ཁད་འབད་མེད་དུ་ཕྱིས་ཕྱིན་པར་དགོངས་ནས་འོང་བ་བསྙོན་མི་ནུས་པར་ཡོད་ལ།

        གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སོགས་ཀྱི་རྣམ་པར་ཐར་པ་ཞིབ་པར་ནི་དངོས་སུ་ཡོངས་ལ་བསྒྲག་པར་མི་ནུས་མོད། འོན་ཀྱང་། གསུང་རབ་ཀྱི་དོན་ལ་ཚུལ་ཇི་ལྟར་དཔྱོད། དཔྱད་པ་རྫོགས་མ་རྫོགས། ཉམས་ལེན་གྱི་གནད། གདུལ་བྱ་ཇི་ལྟར་བཀྲི། འཁོར་ཇི་ལྟ་བུ་བསྟེན། གནས་ཇི་ལྟ་བུར་བཞུགས་པ་སོགས་ཕལ་ཆེར་རང་བཟོས་ཞུགས་པ་མ་བྱས་ཞེས་གསུངས་ངོ་། །ཞེས་སོ། ། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།