རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་བྱམས་པས་རྒྱལ་བ་གཉིས་པར་ལུང་བསྟན་པའི་སྐབས།
དེ་ནས་རྗེ་རིན་པོ་ཆེ་དཔོན་སློབ་སུམ་ཅུ་ལྷག་བཅས་ཙ་རི་རྨ་ཆེན་ལ་བྱོན། ཙ་རི་འདིའི་རྩེ་མོར་མི་ཕལ་པ་འགྲོ་མི་ཐུབ་པ་ཤིང་ཏུ་མཐོ་ཞིང་། བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་བཞུགས་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །རྗེས་རིའི་སྟེང་དུ་ཞག་འགའ་བཞུགས། འཁོར་ལོ་བདེ་མཆོག་གི་བདག་འཇུག་སོགས་མཛད། འདིར་འཁོར་ལོ་བདེ་མཆོག་གིས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་། རི་ཁྲོད་རྣམས་སུ་ཕེབས། རི་བ་རྣམས་ལ་མང་ཇ་གནང་སྦྱིན་མཛད། ཙ་རི་ནས་མར་ལོག་ཕེབས་པའི་ལམ་ཁ་ཅིག་ཏུ་བྱོན་ནས། གནས་འདིར་ཡང་ཚོགས་འཁོར་ནང་མཆོད་དང་བཅས་པ་བྱ་དགོས་ནའང་མི་ཐུབ་པར་འདུག་སྙམ་དུ་དགོངས་མ་ཐག ཞབས་ཀྱི་ལོགས་ཤིག་ཏུ་ཚེར་མ་ཟུག་པ་ལྟ་བུའི་ཚ་གཟེར་དང་སྙུན་ཟུག་ཆེ་བ་མདོག་ནག་པོ་སྐྲངས་པ་ཆེ་བའི་རྨ་ཞིག་བྱུང་བས་འཕྲལ་དུ་ནང་མཆོད་དང་བདེ་མཆོག་གི་ཚོགས་འཁོར་བཤམས་ནས་ཕུལ་བས་ཚོགས་འཁོར་མ་རྫོགས་གོང་ནས་བསྙུན་ཟུག་དྭངས་ཤིང་འཕྲལ་དུ་བདེ་བར་གྱུར་ཏོ། །
དེ་ནས་རིམ་གྱིས་ཕེབས་ནས་མོ་ལ་ཞེས་པའི་ལ་རྩར་ཞག་བཞུགས་མཛད་པའི་ནུབ་མོ་རྗེ་བཙུན་བྱམས་མགོན་སྐུ་ཤིན་ཏུ་ཆེ་བ། ལྷུན་པོ་ལྟ་བུའི་གཟི་བརྗིད་ཅན། ཉི་མ་ལྟ་བུའི་འོད་ཟེར་འབར་བ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ་ཅིག་གིས་རྗེ་འདི་ལ། རིགས་ཀྱི་བུ་ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བར་ཤེས་པར་བྱོས་ཤིག ཅེས་སེང་གེའི་སྒྲས་དབུགས་ཕྱུང་ཞིང་། སྤྲོ་བ་བསྐྱེད་པའི་སྣང་བ་དངོས་སུ་བྱུང་གསུང་སྟེ། དེ་བས་ན་སྙིགས་མའི་དུས་འདིར། རྗེ་བཙུན་བླ་མ་འདི་ནི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་ཁྱད་པར་མ་མཆིས་པའི་ཚིག་གིས་བསྔགས་པ་ནི་རང་བཞིན་བརྗོད་པ་སྟེ། ཤེས་ལྡན་དག་གིས་ཀྱང་སྟོན་པ་ཉིད་དང་མཚུངས་པར་བལྟ་བར་བྱ་ཞེས་གསུངས།
གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པས་སྔར་རྗེ་རིན་པོ་ཆེས་ཐེ་ཚོམ་གྱི་དྲི་བ་མཛད་པ་རྣམས་ཕྱག་ན་རྡོ་རྗེ་ལ་ཞུས་པས། ཕྱག་རྡོར་གྱིས་ཞུས་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་ཞེས་བྱ་བ་བཀའ་བསྩལ་ཅིང་། གཞན་ཡང་རྗེ་འདིའི་སྐྱེ་བ་གོང་མ་རྣམས་དང་། ཁ་ཆེ་ཁྲི་སྟན་དུ་མ་ཏི་བྷ་དྲ་ཤྲིར་གྱུར་པ་དང་། མཐོང་ཐོས་རེག་པ་ཀུན་ལ་ཕན་ཐོགས་པ་དང་། ཡོན་ཏན་གྱི་མཐའ་ཚད་མེད་པ་རྣམས་གསལ་བར་གསུངས། །
གྲུབ་ཆེན་པས་དེ་རྣམས་ཡི་གེར་བཀོད་ནས་བསྐུར་བའི་ལན་དུ་རྗེ་རིན་པོ་ཆེས་གསུང་ཡིག་ཕུལ་བ་ནི། ན་མཿཤྲཱི་གུ་རུ་བཛྲ་པཱ་ཎི་ཡ། གདོང་བཞི་དགའ་མའི་བདག་པོ་སྤྲིན་ལ་ཞོན། །འཕྲོག་བྱེད་སྟོབས་ལྡན་གསོད་དང་རབ་འཕྱང་གསོད། །གདོང་དྲུག་ཡི་དྭགས་དབང་པོ་སྔོན་གྱི་ལྷ། །གདེངས་ཅན་དབང་པོ་རིག་འཛིན་གྲུབ་པའི་རྗེ། །སྲིད་ན་དྲེགས་པའི་ཁུར་གྱིས་རབ་བརྗིད་པའི། །གང་གི་གཙུག་རྒྱན་ནོར་བུས་མཚན་པ་ལ། །ཡིད་འོང་ཞབས་ཀྱི་རྡུལ་གྱིས་རེག་གྱུར་པ། །མཐུ་སྟོབས་བདག་པོས་འགྲོ་ཀུན་སྐྱོང་གྱུར་ཅིག །བསྐལ་བཟང་བདེ་གཤེགས་སྟོང་གི་བསྟན་པ་ལ། །མཚན་དཔེའི་དྲ་བས་དཀྲིགས་པའི་གཟུགས་ཀྱི་སྐུ། །མ་ལུས་སྲུང་བའི་དོན་དུ་དབང་བསྐུར་བ། །རྒྱལ་བའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ། །མུ་མེད་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །མ་ལུས་སྐུ་གསུང་ཐུགས་ཀྱི་གསང་བའི་གནད། །ཀུན་ལ་སྒྲིབ་པ་མེད་པའི་སྤྱན་མངའ་བ། །གློག་ཕྲེང་འཁྱུག་པའི་དབུས་ན་ཆར་སྤྲིན་ཚོགས། །འབྲུག་སྒྲའི་གད་མོས་ནམ་མཁའ་འགེངས་པ་བཞིན། །མི་བཟད་མེ་དཔུང་དབུས་ན་དྲག་པོའི་སྐུ། །བཞད་པའི་ཉམས་ཀྱིས་ས་གསུམ་གཡོ་ལ་འདུད། །དཔག་མེད་རྒྱལ་ལ་རྒྱ་ཆེན་ཚོགས་གཉིས་བསྐྲུན། །མཐའ་མེད་འགྲོ་བའི་དོན་དུ་སེམས་མཆོག་བསྐྱེད། །ཟད་མེད་སྨོན་ལམ་མཐུ་ལས་ལེགས་འཁྲུངས་པའི། །མཚུངས་མེད་བརྒྱ་བའི་སྲས་པོ་རིང་དུ་རྒྱལ། །རྣམ་དག་ལམ་ལ་ལྟ་བའི་དམིགས་བུ་བྲལ། །ཐར་བའི་ཁང་བཟང་འཁྲིད་པའི་མགོན་གྱིས་དོད། །སྲིད་པའི་གཡང་སར་ཞུགས་པའི་འགྲོ་རྣམས་ཀྱི། །དཔུང་གཉེན་མཆོག་ཁྱོད་དུས་རིང་ཞབས་བརྟན་མཛོད། །
དེ་ལྟར་ལྷག་པའི་ལྷ་དང་རྒྱལ་སྲས་ཆེན་པོ་ལ་མཆོད་ཅིང་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས། སྐབས་ཀྱི་ཞུ་བ་ནི། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་དཔལ་དུ་བརྟན་པའི་ཐད་ནས་གསུང་ཤོག་སྒ་སྐྱའི་རྟེན་དང་བཅས་པ་དགེ་བཤེས་གཞོན་སེང་གིས་འཕྲོད་པས་ཐུགས་ལ་བཏགས་ཤིང་། ཁྱད་པར་དུ་རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་གནད་དྲིལ་བའི་མན་ངག་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་གྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །སླར་ཡང་ཞུ་བ་འགའ་ཞིག་བགྱིད་པར་སྤྲོ་བའི་རྒྱུ་མཚན་ནི། དེང་སང་ཐུབ་པའི་བསྟན་པ་ནུབ་ཏུ་ནི་ཉེ། བསྟན་པའི་རྩ་ལག་མཆོག་རྣམས་ནི་འདས། སེམས་ཅན་གྱི་སྐལ་བ་བཟང་པོ་བྲི་བའི་སྐབས་སུ་གྱུར། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པའི་ཉམས་ལེན་གྱི་གནད་སྙན་ནས་སྙན་དུ་བརྒྱུད་པའི་རྒྱུད་པ་རྣམས་ནི་ཆད། དེའི་སྟོབས་ཀྱིས་བཤད་པ་དང་བསྒྲུབ་པ་མཛད་པ་རྣམས་ཀྱང་སྙན་བརྒྱུད་ཀྱི་གདམས་ངག་གི་གནད་མེད་པར་ཚིག་དང་ཡི་གེ་ཙམ་མཐོང་བ་དང་། ཐོས་པ་ལྷུར་བྱས་ཏེ། ལྕགས་ཀྱུ་མེད་པའི་གླང་པོ་ཆེ་བཞིན་དུ་རྒྱལ་བའི་བཀའ་ལ་གྱ་ཚོམ་གྱིས་ཞུགས་ནས་རང་རང་གི་འདོད་པའི་དབང་གིས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཡོངས་སུ་བཟུང་ནས། ཉམས་ལེན་ལ་ཆེར་ཆེར་མི་བྱེད་པར་རྩོད་པ་འབའ་ཞིག་ལྷུར་ལེན་ཏོ། །
དེར་མ་ཟད་གཞན་གྱི་སྐྱོན་འབའ་ཞིག་རྟོག་པ་ལ་ཞུགས་པས་ཕ་རོལ་གྱི་ཡོན་ཏན་ལྟ་བའི་མིག་ནི་ལོང་། རང་གི་སྐྱོན་ལ་རྟོག་པའི་བསམ་པ་དང་ནི་བྲལ། རྙེད་པ་དང་བཀུར་སྡིའི་ཞགས་པས་བཅིངས་པ་ལ་བརྟེན་ནས། ལྐོག་ཏུ་གྱུར་པའི་གང་ཟག་དམ་པ་རེ་རེ་ཙམ་ཡོད་ནའང་། ཕྲག་དོག་དང་ང་རྒྱལ་གྱི་མུན་པ་ཆེན་པོས་བློ་ཡི་མིག་བསྒྲིབས་པས་མཐོང་བའི་ལམ་དུ་གྱུར་པ་ཆེས་ཤིན་ཏུ་དཀའོ། །
བདག་གིས་ཀྱང་མདོ་ཕྱོགས་ཀྱི་བཤད་པ་ཡོད་པ་རྣམས་ལ། ལོ་སྤྲེལ་གྱི་བར་དུ་ཐོས་པ་ཅུང་ཟད་བགྱིས་ཤིང་། མན་ངག་ཟབ་པར་གྲགས་པ་འགའ་ཡང་ཡང་ཞུས་པའི་མཐར། རྒྱལ་བ་སྲས་བཅས་ཀྱི་དགོངས་པ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པ་ལྟར་རིག་ནས་སྒྲུབ་པ་ལ་མོས་པ་དྲག་པོ་བྱུང་ནའང་། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཐུན་མོང་མ་ཡིན་པའི་གདམས་ངག་ཡོད་པ་ཡིན་ཟད་པ་ཤ་སྟག་འདུག་པ་ལ། གསུང་རབ་ནས་བཤད་པ་དང་སྦྱར་ན་ལམ་དངོས་སྐྱེས་པ་ལྟ་ཞོག དེ་སྐྱེ་བའི་སྣོད་དུ་རུང་བའི་ཡོན་ཏན་རྣམས་སྐྱེས་པའང་དཀའ་བའི་རིགས་སུ་ཡོད་ཚོད་དུ་འདུག ཐེག་པ་དམན་པའི་གོ་འཕང་ལ་རྨི་ལམ་དུ་ཡང་འདོད་པ་མེད་པ་སྐད་ཟེར་ཞིང་། རང་བདེ་འདོད་པ་ལ་ཏིལ་གྱི་ཆ་ཙམ་ཡང་མ་གནོད་པར་ཡོད་པ་འདྲ། ལམ་གྱི་གནད་དམ་པ་རྣམས་ལ་མྱོང་བ་ཕུལ་དུ་ཕྱིན་པར་ཁས་འཆེ་ཞིང་། ཆོས་བརྒྱད་ཀྱི་གསེབ་ནས་སྐད་ཅིག་ཀྱང་མ་འཕགས་པར་འདུག་པ་དང་། ཐམས་ཅད་མཁྱེན་པའི་ཁྱད་ཆོས་རྒྱུ་འབྲས་ཁྱད་དུ་མི་གསོད་པ་ཡིན་པ་ལ། དེ་ལ་ཡིད་མི་ཆེས་པར་ལང་དུ་གསོད་འདོད་པའི་སྐྱོབས་ལ། དེར་གསང་སྔགས་པ་ཡིན་ཟེར་ནས་བླང་དོར་ཡལ་བར་འདོད། དེ་ལྟ་བུར་གྱུར་པའི་སྐབས་སུ། ཐེ་ཚོམ་ཀུན་གཅོད་ནུས་པའི་གང་ཟག་གཞན་མ་རྙེད་པས། ཁྱེད་སངས་རྒྱས་ལ་དངོས་སུ་ཞུས་པས་ཆོག་པས། ཞུ་བ་འདི་རྣམས་དགེ་བཤེས་འདིས་ཞུ་བར་ཡོད་པས་ཐུགས་ལ་འདོགས་པར་ཞུ། ཅེས་པ་འདི་ནི་ལྷོ་བྲག་མཁན་ཆེན་ཕྱག་རྡོར་པ་ལ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པས་ཕུལ་བའོ། །གསུང་ཤོག་འདི་བར་འདིར་འཇུག་པའི་གསལ་ཁ་མེད་ཀྱང་རགས་ཙམ་གྱིས་མཐུན་པའི་ཚོད་དུ་འདུག་པས་འདིར་བྲིས། དེ་ནས་གཉལ་སྨད་སེང་གེ་རྫོང་དུ་ཕེབས།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn