རྗེའི་རྣམ་ཐར་ཆེན་མོ་ལས་དབེན་པ་བསྟེན་སྟེ་བསག་སྦྱང་མཛད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 11:50:54     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་སྐབས་ཤིག་འོལ་ཁའི་དཔོན་ལ་བསླབ་ཚིག་གནང་བ་ནི། སྭ་སྡི་བཛྲ་བྷྱ། འཕྲལ་དང་ཡུན་གྱི་བདེ་བ་ཡིད་བཞིན་དུ། །ལེགས་པར་འགྲིག་པའི་རྟེན་འབྲེལ་རྩ་བ་ནི། །གསུང་རབ་ཀུན་ནས་བླ་མར་གསུངས་པས་ན། །སྐྱབས་གསུམ་ངོ་བོར་བསྒོམས་ལ་གསོལ་བ་ཐོབ། །ཚེ་འདིའི་ཕུན་ཚོགས་ཇི་ཙམ་སྤྱད་གྱུར་ཀྱང་། །འཆི་བའི་དུས་སུ་ཆོས་མེད་ཀུན་གྱིས་བསླུ། །དཀར་ནག་ལས་ཀྱི་འབྲས་བུས་མི་བསླུ་བས། །སྡིག་སྤོང་དགེ་བ་བསྒྲུབ་ལ་འབད་པར་བྱ། །ཉེས་མེད་སྲོག་ཆགས་གསོད་པའི་ལས་རྣམས་ནི། །མྱུར་དུ་མྱོང་ཞིང་ངེས་པར་མྱོང་འགྱུར་ལ། །རང་ལ་སྨིན་ན་བཟོད་པའི་ཐབས་མེད་པས། །འདི་ལ་ཤིན་ཏུ་ཤིན་ཏུ་འཛེམ་པར་བྱ། །འདི་ནི་འདི་འདྲའི་ཚུལ་ལ་རབ་མོས་པ། །ཡ་རབས་སྤྱོད་ཚུལ་རྒྱན་གྱིས་མཛེས་དེ་ལ། ངེས་མེད་གནས་སུ་འཁྱམས་པའི་རྒྱལ་ཁམས་པ། །བློ་བཟང་གྲགས་པའི་མཆིད་ནས་དེ་སྐད་ལོ། །ཅེས་པ་འདི་འོལ་ཁར་དང་པོར་བྱོན་དུས་སྟོད་ལུངས་པ་དཔོན་ཡོན་ཏན་རྒྱ་མཚོ་ལ་གདམས་པའོ། །

        དགུང་ལོ་སོ་བདུན་པའི་ཆུ་བྱ་ལོའི་དཔྱིད་ཀ་ཡང་སྔར་བཞིན་བསགས་སྦྱང་ལ་བརྩོན་པར་མཛད། དེ་དུས་ཆོས་འདོད་འགའ་ཞིག་གིས་ཆོས་ཞུ་བར་འདུག་པ་ལ། རྗེ་བཙུན་གྱིས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོར་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་བླངས་དབེན་པ་བསྟེན། །རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་འགྱུར། །ཞེས་གསུངས་ཤིང་སྒྲུབ་པ་ལ་བསྐུལ་བར་མཛད་དོ། །དེའི་དབྱར་རྫིང་ཕྱིའི་བྱམས་པ་ལ་མཇལ། མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད།

        དེ་ནས་དགུན་དྭགས་པོ་སྨན་ལུང་རྒྱ་སོག་ཕུར་བྱོན། ཐུགས་དམ་ཤིན་ཏུ་འཕེལ། དེ་དུས་རྗེ་བཙུན་འཇམ་པའི་དབྱངས་སྐུ་ཤིན་ཏུ་ཆེ་བ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་དང་། འཕགས་པ་ཀླུ་སྒྲུབ། །ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ཀླུ་བྱང་། ཟླ་བ་གྲགས་པ་སྟེ་ཡབ་སྲས་ལྔ་དང་། འཕགས་པ་ཐོགས་མེད། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད་དང་ཤཱཀྱ་འོད། ལྷ་དབང་བློ། རྒྱན་མཁན་པོ། ཞི་བ་ལྷ། ཀ་མ་ལ་ཤཱི་ལ། ཨ་བྷ་ཡ་ལ་སོགས་པའི་པཎྜི་ཏ་དུ་མ་དང་། རྒྱལ་པོ་ཨིནྡྲ་བྷུ་ཏི། བྲམ་ཟེ་ཆེན་པོ་ས་ར་ཧ་དང་། སློབ་དཔོན་ཆེན་པོ་ལཱུ་ཨི་བ། དྲིལ་བུ་པ། ནག་པོ་སྤྱོད་པ་ལ་སོགས་པའི་གྲུབ་ཆེན་དུ་མ་དངོས་སུ་གཟིགས། རྗེས་བཟུང་བྱིན་གྱིས་བརླབས། འདི་ལའང་ཉམས་སྣང་ལ་གཏད་པ་མེད་ལ་ཆེ་དགོངས་པས། རྗེ་བཙུན་གྱིས་སྔར་བཞིན་རྟོགས་ལྡན་པ་ལ། རང་ག་པ་མིན། འདི་རྣམས་ཀྱི་གཞུང་ལ་བརྟེན་ནས་རང་གཞན་ལ་ཕན་པ་རྒྱ་ཆེན་པོ་འོང་བའི་རྟེན་འབྲེལ་ཡིན། གསོལ་བ་ཐོབ་ཅེས་གསུང་ངོ་། །

        སྤྱིར་རྗེ་ལ་སྣང་བའི་འཇམ་པའི་དབྱངས་ནི་གཟི་བརྗིད་ཤིན་ཏུ་ཆེ་ཞིང་གསུང་མང་པོ་མི་འབྱོན་པ་དང་། རྟོགས་ལྡན་པ་ལ་སྣང་བ་ནི་ཤིན་ཏུ་ཞི་བ་གསུང་མང་པོ་འབྱོན་པ་ཡིན་པར་འདུག གོང་དུ་བཤད་པའི་གྲུབ་ཆེན་རྒྱལ་པོ་ནི་ཨིནྡྲ་བྷུ་ཏི་ཡིན་ལ། འདི་ཨུ་རྒྱན་གྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ཞིང་། ཕྱག་ན་རྡོ་རྗེ་ལས་དངོས་སུ་ཆོས་ཐོས་པ། མཚན་འབྱོར་བའི་དབང་པོ་ཞེས་པ་ཡིན་ནོ། །འདི་ལ་དུས་ཕྱིས་རྒྱལ་པོ་ཨིནྡྲ་བོ་ངྷི་ཞེས་པ། དགེ་སློང་དཔལ་མོའི་མཆེད། མཚན་བྱང་ཆུབ་དབང་པོའམ་དབང་པོའི་བློ་དང་། ལཱ་བ་པ་ཞེས་ཀྱང་ཟེར་རོ། །

        ཡང་དེ་དུས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་སུ་རྫོགས་པ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་ཅིག་དངོས་སུ་གཟིགས། དེ་ཉིད་འོད་དུ་ཞུ་ནས་རྗེ་ལ་ཐིམ་པ་བྱུང་། འདི་ནི་བྱིན་རླབས་ཉེ་བརྒྱུད་མཆོག་གི་དབང་བསྐུར་ཚུལ་ཡིན་གསུང་། དེ་ནས་འཇིགས་བྱེད་ཀྱི་བདག་འཇུག་ཉིན་རེ་བཞིན་མ་ཆག་པར་མཛད། སུམ་པ་རིན་པོ་ཆེས་མཛད་པའི་ཆོས་འབྱུང་དུ་སྐབས་འདིར་མ་འོངས་ལུང་བསྟན་དང་སྤྲུལ་པའི་གླེགས་བམ་གནང་བར་བཤད། གནས་དེར་རྡོ་བཅལ་དུ་སྦྱིན་སྲེག་མཛད་པར་གངས་ཆེན་པོ་བབས་ཀྱང་ཉེ་འཁོར་དུ་ཅུང་ཟད་ཀྱང་མ་བབས་པ་ཀུན་གྱིས་མཐོང་། དེ་དག་གི་སྐབས་སུ་ཡོན་བདག་རྣམས་ཀྱིས་བསོད་ནམས་འདོད་ནས། རྗེའི་སྲས་རྣམས་ཀྱིས་དཀའ་ཐུབ་མི་མཛད་པར་ཡང་ཡང་ཞུས་པས། གཞན་རྣམས་ནི་བཟའ་བཏུང་བཞེས། རྟོགས་ལྡན་པ་ནི་ལོ་གསུམ་གྱི་བར་དུ་མེ་ཏོག་དང་ཤུག་འབྲུ་ཁོ་ནས་དཀའ་ཐུབ་མཛད། 

                                                       རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།