རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་རྗེ་རེད་མདའ་བའི་རྣམ་ཐར་ཅུང་ཟད་བརྗོད་པ།
ད་ནི་ཞར་ལ་བླ་མ་དབུ་མ་པའི་རྣམ་ཐར་ཅུང་ཟད་བརྗོད་པར་བྱའོ། །དེ་ཡང་ཁམས་སུ་སྐུ་འཁྲུངས་པ་ཡིན་ཞིང་། མཚན་བརྩོན་འགྲུས་སེང་གེ གསང་མཚན་དཔའ་བོ་རྡོ་རྗེ། སྟོང་ཉིད་ལ་མཁས་པས་དབུ་མ་པ་ཞེས་གྲགས། བླ་མ་འདི་ནི་སྔོན་གྱི་སྐུ་ཚེ་དཔག་ཏུ་མེད་པར་ཚོགས་རྒྱ་ཆེན་པོ་བསགས་ཤིང་། སྐུ་ཚེ་དུ་མར་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས་ན། ཚེ་འདིར་འབད་པ་ལ་མ་ལྟོས་པར་ཨ་ར་པ་ཙ་ནའི་སྔགས་ཀྱི་སྒྲ་ཆེན་པོ་ཁོག་པའི་ནང་ནས་རང་གི་ངང་གིས་འབྱུང་བ་དང་། སྒྲ་དེ་འབྱུང་རེས་ཀྱིས་བ་སྤུ་ལྡང་ཞིང་སེམས་མནན་པས་མི་ནོན་པ་ལྟ་བུ་འབྱུང་བ་ཡོད་འདུག་གོ །
ཆུང་དུས་མདོ་ཁམས་ན་ཕྱུགས་སྐྱོང་བའི་སྐབས་ཤིག་ནང་ནས་ཨ་ར་པ་ཙ་ནའི་སྒྲ་དྲག་པོ་བྱུང་བའི་རྐྱེན་གྱིས་བརྒྱལ་བར་གྱུར་ཅིང་། དེ་ནས་དྲན་པ་རྙེད་དེ་ལངས་པའི་ཚེ་མདུན་དུ་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ནག་པོ་ཞིག་དངོས་སུ་གཟིགས། དེ་རྗེས་རྗེས་གནང་དང་ལུང་གསན་ནས་བསྙེན་སྒྲུབ་བྱས་པས་སྐུ་དང་གསུང་གི་སྣང་བ་ཇེ་མང་དུ་གྱུར། འོན་ཀྱང་དེ་ལ་ཐུགས་ངེས་རང་མ་མཛད། དེ་ནས་དབུས་ཀྱི་གསང་ཕུར་སློབ་གཉེར་ལ་བྱོན། ཕར་ཕྱིན་གྱི་གཟིགས་རྟོག་མཛད་པས་ཆོས་སྐད་ཕུན་སུམ་ཚོགས་པ་བྱུང་། གྲ་སྐོར་མཛད་པར་དགོངས་པ་ལ། ཡི་དམ་གྱི་གསུང་གིས་ཡོ་བྱད་ཅི་ཡོད་ཐམས་ཅད་ཚོགས་སུ་ཐོང་གསུང་། སློབ་གཉེར་བྱེད་པའི་ཆས་མི་འོང་བར་འདུག་ཞུས་པས། གཏེར་ཅིག་འདོན་རྒྱུ་ཡོད་ཀྱིས་གསུང་། དེར་ཡོ་བྱད་ཐམས་ཅད་ཚོགས་སུ་བཏང་ཚར་ནས། ད་གཏེར་འདོན་འཚལ་ཞེས་ཞུས་པས། ད་བྱ་བྲལ་ཐག་ཆོས་གྱིས་ལ་དགེ་སྦྱོར་གྱིས་ཤིག་ཅེས་བསྐུལ་ལོ། །
དེ་ནས་བྱ་བྲལ་མཛད་ནས་ཀོང་པོ་ཕྱོགས་ལ་བྱོན། སྐམ་ཚང་གི་ཆོས་སྐོར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞུས། ཐུགས་དམ་མཛད་པས་སྔར་ལས་ཀྱང་ཡི་དམ་གྱི་སྐུ་དང་གསུང་གི་སྣང་བ་ཆེས་གསལ་ཞིང་བརྟན་པ་བྱུང་། དེ་ནས་བསམ་ཡས་སུ་རྟོགས་ལྡན་མཚོ་དཀར་མ་ལ་སྦྱོར་དྲུག་གསན་པས། དེའི་ཚེ་ཡི་དམ་གྱི་རྣམ་འཕྲུལ་གསལ་ཞིང་བརྟན་པ་དཔག་ཏུ་མེད་པ་བྱུང་། རྟོགས་ལྡན་པ་ལ་ཞུས་ན་བྱས་པས་མ་ཞུ་གསུང་། དེ་ནས་དཔལ་རི་བའི་བླ་མ་གཞོན་རྒྱལ་བ་ལ་ཞུས་ན་བྱས་པས། ཞུས་པས་འོང་གསུང་། ཁོང་གིས་ལམ་འབྲས་ནས་བཤད་པའི་མན་ངག་དབང་གཞིའི་བརྡའ་རྣམས་བསྟན་པས་བརྡའ་ལན་རྒྱུད་ནས་བཤད་པ་ལྟར་འཇལ་གྱིན་འདུག བརྡའ་ལན་འཇལ་ལུགས་རྣམས་ཞུས་པས། ཁྱེད་ཀྱི་འདི་རྣམ་དག་ཅིག་ཡིན་པ་འདུག་ཅེས་གསུང་། ཡི་དམ་གྱི་ཞལ་ནས། བརྡའ་སྟོན་པ་ལ་ཕྱག་རྒྱ་རྣམས་ཡིད་ལ་བསམས་པས་ཆོག ལུས་ཀྱི་རྣམ་འགྱུར་མི་དགོས་པ་ཡིན་ཏེ་ཁོང་རང་གིས་མི་ཤེས་འདུག་ཅེས་གསུང་ངོ་། །
དེ་ནས་གཙང་ལ་འབྱོན་པར་བཞེད་པ་ལ། དེ་དུས་འབར་འཛག་གཉིས་གྲགས་པ་ཆེ་བར་འདུག་པས་སུའི་དྲུང་དུ་ཕྱིན་པ་འཐད་ཞུས་པས། ཁྱོད་རང་སོང་དང་། འབུམ་ཚོ་གདོང་གི་འཕྲང་དེར་མི་གཅིག་དང་འཕྲད་པར་འདུག དེ་གང་ཟེར་བ་ལྟར་གྱིས་གསུང་། བྱོན་པས་འཕྲང་དེར་བཙུན་པ་གཅིག་དང་འཕྲད། དེ་ལ་དྲིས་པས་འབའ་རབ་ཅན་སོང་ཟེར། དེར་འབའ་རབ་ཅན་བྱོན། ཕྱག་ཆེན་སོགས་ཞུས། ཁོང་སྐྱོ་ཤས་ཅན་ཅིག་འདུག་པས་དེའི་སྟོབས་ཀྱིས་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་སྐྱེས། སྣང་ཤས་ཆུང་ངུ་འགྲོ་བའི་ཚབས་ཆེན་པོ་བྱུང་། དེ་ལ་དགོངས་པར་འདུག ཁོང་གིས་བསྟན་པའི་ལྷག་མཐོང་དེ་ལྷག་མཐོང་མཚན་ཉིད་པ་ཨེ་ཡིན་ཞུས་པས། ཅིས་ཀྱང་མིན་གསུང་ངོ་། །
དེ་ནས་ཡང་ཡི་དམ་གྱིས་ལུང་བསྟན་ནས་ས་སྐྱར་བྱོན། རྗེ་བཙུན་རེད་མདའ་པ་ལ་དབུ་མ་དང་འདུལ་བ་གསན། དེ་ནས་མར་བྱོན། རོང་ཆོས་ལུང་ན་བཞུགས་པའི་ཚེ། རྗེ་རིན་པོ་ཆེ་འདི་ལའང་འཇུག་པའི་རང་འགྲེལ་ཚར་གཅིག་གསན་ནོ། ། མདོར་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་ནས། ཐོ་རངས་མནལ་སད་རེས་ཀྱིས་ཆོས་ཤོ་ལོ་ཀ་རེ་མ་ཆག་པར་གསུང་བར་ཞལ་གྱིས་བཞེས། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བ་རྣམས་སྒོམ་པའི་དམིགས་རྣམ་སྐྱོང་ཚུལ་སོགས་མཐའ་དག་པར་དངོས་སུ་འདོམས་ཤིང་། ཐུགས་རྒྱུད་ཉོན་མོངས་པ་གང་ཤས་ཆེ་བ་དེའི་གཉེན་པོ་སྟོན་པར་མཛད། འཕྲལ་གྱི་སྒོ་གསུམ་གྱི་བྱ་བ་ལ་ཕལ་བ་ཐམས་ཅད་ཀྱི་འཇུག་ལྡོག་ཀྱང་ཡི་དམ་གྱིས་སྟོན་པ་མ་གཏོགས་པར་རང་དགར་འཇུག་ཏུ་མི་སྟེར། ཐུགས་དམ་ལ་བརྩོན་པ་དཔག་ཏུ་མེད་པའི་ཚུལ་སྐྱེ་བོ་གཞན་གྱིས་བསམ་པར་དཀའ་ཞིང་། རྗེ་ཙོང་ཁ་པ་དང་མཇལ་བ་སོགས་ནི་གོང་དུ་སོང་ཞིང་། ཁ་ཅིག་འོག་ནས་འབྱུང་ངོ་། །
མྱ་ངན་ལས་འདས་ནས། གདུང་ཞུགས་ལ་ཕུལ་བའི་ཚེ་ཡང་། མེ་ལྕེ་དང་དུ་བ་རྣམས་ལྷ་རིས་པ་མཁས་པས་བྲིས་པ་ལྟ་བུའི་རལ་གྲི་དང་ཨུད་པ་ལའི་གཟུགས་སུ་རྒྱུན་མ་ཆད་པར་འོངས་ནས་རིམ་པ་བཞིན་ནམ་མཁར་ཡལ་འགྲོ་བ་དེར་ཚོགས་པ་ཀུན་ལ་མཐུན་པར་སྣང་ངོ་ཞེས་ཟེར་ཞིང་། རིང་བསྲེལ་ཤེལ་ལྟར་དྭངས་པ་གུར་གུམ་གྱི་མདོག་ཅན་གྲངས་ལས་འདས་པ་བྱོན་པ་རྣམས་ཀྱང་འཕེལ་གདུང་དུ་གྱུར་བ་ལས། ཁ་ཅིག་ནི་རིང་བསྲེལ་ཕྲ་མོ་མང་པོ་གཅིག་ལས་གཅིག་འཕེལ་བ་འཁོར་ལོ་རྩིབས་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ་ཤིན་ཏུ་ལེགས་ཤིང་ངོ་མཚར་བའི་རྣམ་པ་ཅན་ཡང་སྣང་ངོ་། །
འདིར་སྨྲས་པ། རིག་སྔགས་འཆང་གི་གཞུང་ལུགས་རྒྱ་མཚོ་ཆེ། །རྣམ་དག་དབང་བཞིའི་རླབས་ཕྲེང་ཆེར་གཡོ་ཞིང་། །རིམ་གཉིས་དབུ་བའི་འཛུམ་དཀར་རོལ་པ་ཅན། །དངོས་གྲུབ་རིན་ཆེན་བྱེ་བའི་གཏེར་གྱུར་དེ། །བདག་དོན་ལ་ཆགས་རབ་དཀར་དགེ་བའི་གཤེད། །སྲེད་པའི་ལྷ་མིན་སྙིང་རྗེའི་ལྟོ་བར་ནི། །ཉིད་ཀྱིས་ཞུ་མཛད་ཁྱོད་ཐུགས་དྲང་སྲོང་ཆེས། །མ་ལུས་རྣམ་དཔྱོད་ཡངས་པའི་ཞལ་དུ་དྲངས། །མང་དུ་ཐོས་བའི་འདྲེན་བྱེད་སྟོང་ལྡན་ཞིང་། །བློ་གསལ་འཆི་མེད་ཚོགས་ཀྱི་རལ་བའི་རྒྱན། །ཐེག་མཆོག་བདུད་རྩིའི་དཔལ་ལ་དབང་བསྒྱུར་བ། །ཐུབ་བསྟན་ཡོངས་འདུའི་བདག་པོ་རྒྱལ་གྱུར་ཅིག །དབུ་མའི་རྟོགས་ལྡན་དཔའ་བོ་རྡོ་རྗེ་ཡིས། །ལོ་ཙཱ་མཛད་ནས་ཟབ་མོ་ལྟ་བའི་གནད། །རྗེ་བཙུན་མཁྱེན་པའི་གཏེར་ལ་གསན་པའི་ཚེ། །ཇི་སྙེད་སྣང་བ་འགོག་མིན་གདམས་པ་རྙེད། །གཡོ་མེད་ཞི་གནས་མཚོ་ལས་དད་པའི་རླབས། །བསྐྱོད་ཚེ་ཨིནྡྲ་ནཱི་ལ་ལྟར་སྔོ་ཞིང་། །འོད་ཟེར་སྣ་ལྔའི་དྲ་བས་བསྐོར་བའི་དབུས། །མཁྱེན་གཏེར་གཟིགས་ནས་རྗེས་བཟུང་གནང་བ་ཐོབ། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །དཔག་མེད་གསང་སྔགས་ཡིད་བཞིན་ནོར་བུའི་ཚོགས། །དབང་བསྒྱུར་བདག་པོ་ཉིད་ལ་གཏད་བ་ཡིས། །ཕུལ་བྱུང་མཛད་པའི་དགའ་བདེ་ཆེས་ཆེར་རྒྱས། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ཕྱག་མཛུབ་ཀྱིས། །ཡུད་ཙམ་བསྡིགས་པས་སྲིད་པ་གསུམ་གྱི་བགེགས། །མྱུར་དུ་སྒྲོལ་མཛད་དཔའ་བོ་གཤིན་རྗེ་གཤེད། །སྤྲུལ་པའི་བསྲུང་མར་བཀའ་བསྒོས་གཉེར་དུ་གཏད། །རྗེ་བཙུན་བླ་མའི་རྨད་བྱུང་མཛད་པ་ལ། །དྲི་མེད་རིགས་པས་ཤེས་ནས་དད་བྱེད་ཅིང་། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང་། །བདེ་ཆེན་མཆོག་གི་དཔལ་ལ་རོལ་གྱུར་ཅིག །
རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་། བཀའ་དང་བསྟན་བཅོས་ཀུན་ལ་གཟིགས་རྟོག་མཛད་པ་དང་། མཁས་པ་རྣམས་ལ་ཆོས་མང་པོ་གསུངས་པ་དང་། འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ནས་མན་ངག་མང་པོ་མནོས་པ་དང་། སྔགས་ཕྱོགས་ལ་སྦྱངས་ནས་མཁས་པར་གྱུར་པ་དང་། ཞར་ལ་བླ་མ་དབུ་མ་པའི་རྣམ་ཐར་ཟུར་ཙམ་བཅས་བརྗོད་པའི་ལེའུ་སྟེ་བཞི་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn