རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་དྲུག་པ།
སྟོན་དེའི་མཇུག་ནས་བརྩམས་ཏེ་དགུང་ལོ་སོ་ལྔ་བཞེས་པའི་ལྕགས་ལུག་ལོའི་དཔྱིད་ཆོས་སྔ་མ་མ་རྫོགས་ཀྱི་རིང་དེར་བཞུགས་ཤིང་། རྒྱུད་འགྲེལ་གྱི་བཤད་པ། ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན་ནོ། །དེ་ནས་ཡོ་གའི་བཀའ་ལུང་བཤད་པ་མཐའ་དག་གསན་པར་བཞེད་པ་ལ། སྔོན་དུ་ཕྱག་ལེན་འགའ་ཞིག་སྦྱོང་དགོས་པས། དེ་དུས་ཞ་ལུ་ན་བུ་སྟོན་རིན་པོ་ཆེའི་མཆོད་གཡོག་པའི་གཙོ་བོ། ཡོ་གའི་ལག་ལེན་ལ་མཁས་པར་གྲགས་པ་ཚེ་དབང་ཞེས་པའི་བླ་མ་སློབ་མ་ཡོ་ག་ལ་མཁས་པ་མགོན་བཟང་ཞེས་པ་ཅིག་ཡོད་པ་དེ་གདན་དྲངས་ནས་ཉང་སྟོད་སྨད་ཀྱི་མཚམས་འཁྲིས་རྩ་ཁང་ཞེས་པར་བཞུགས་ནས། རྡོར་དབྱིངས་དང་། དཔལ་མཆོག་རྩེ་མོ་སོགས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་ཐིག་གདབ་པ། ཕྱག་རྒྱ་དང་གར་བྱེད་པ། དབྱངས་འཐེན་པ། དཀྱིལ་ཆོག་གི་འདོན་ཆ་སྦྱང་བ་སོགས་ལ་ཤིན་ཏུ་བྱང་བར་བསླབས། དེའི་ཚེ་ནུབ་གཅིག་མནལ་ལམ་དུ་ཁྲི་ཆེན་པོ་གཅིག་གི་སྟེང་ན་བླ་མ་ཁྱུང་པོ་ལྷས་པ་ཡིན་ཟེར་བ། དབུ་རྒྱན་གསོལ་ཞིང་རྡོར་དྲིལ་བཟུང་པའི་བླ་མ་བགྲེས་པོ་ཞིག་བཞུགས་པའི་མདུན་དུ་རྗེ་འདི་བཞུགས་པ་ལ། བླ་མ་དེ་བཞེངས་ནས་རྡོ་རྗེ་དྲིལ་སྟབས་ཀྱི་ཕྱག་རྒྱ་དང་། རྡོ་རྗེའི་འགྲོས་ཀྱིས་རྗེ་འདི་ལ་གཡས་བསྐོར་ལན་གསུམ་མཛད་ནས། རྒྱུད་རྡོར་ཕྲེང་ནས་འབྱུང་བའི་ཨེ་ཀ་བ་ཙི་ཀ་པ་ཞེས་སོགས་ཀྱིས་སྒྲ་བསྒྲགས་ནས་རྗེའི་དབུའི་སྟེང་དུ་རྡོ་རྗེ་དྲིལ་བུ་བཟུང་སྟེ། ཀརྨཱ་བཛྲ་ཞེས་བྱ་བའོ། །ཞེས་གསུངས་ནས་ཁྲི་ལ་བཞུགས་སོང་བ་ཅིག་བྱུང་། མནལ་སད་ནས་བརྟགས་པ་ན་སྔར་ཆོས་རྗེ་དོན་རིན་པའི་དྲུང་དུ་དབང་ཞུས་པའི་གསང་མཚན་དོན་ཡོད་རྡོ་རྗེ་ཡིན་པ་དང་། ཀརྨཱ་བཛྲ་ཡང་དོན་གྲུབ་ཀྱི་རིགས་ཀྱི་མིང་དུ་འདུག་པས་འདྲ་བར་འདུག་དགོངས་པ་ཅིག་བྱུང་གསུང་ངོ་། །
སླར་ཡང་དཔྱིད་སྨད་དེ་ནས་དབྱར་དང་སྟོན་མགོ་མའི་རིང་ལ་སྡེ་ཆེན་དུ་བྱོན་ནས། རིན་པོ་ཆེ་ཆོས་ཀྱི་དཔལ་བ་ལ་རྡོ་རྗེ་ཕྲེང་བའི་དབང་ལུང་མཛུབ་ཁྲིད་བཤད་པ་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་འཁྲིད་དང་བཅས་པའི་སྒོ་ནས་ཕྲེང་བ་སྐོར་གསུམ་ལ་མཁས་པར་སྦྱངས། གཞན་ཡང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལ་སོགས་པའི་དབང་ལུང་མན་ངག་དང་བཅས་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་དུ་གསན། དེ་ནས་ཞྭ་ལུར་རིན་པོ་ཆེ་ཁྱུང་པོ་ལྷས་པ་ལ་ཡོ་གའི་སྐོར་གསན་པ་ལ་འབྱོན་པར་དགོངས་ཡོད་པ་ལ། ནུབ་ཅིག་མནལ་ལམ་དུ། ཁྲི་ཆེན་པོ་ཅིག་གི་སྟེང་ན་རིན་པོ་ཆེ་ཁྱུང་པོ་བ་ཡིན་ཟེར་བའི་བླ་མ་བགྲེས་པོ་ཅིག་བཟང་པོའི་འདུག་སྟངས་ཀྱིས་བཞུགས། དེའི་དྲུང་ན་རྗེ་འདི་པའང་བཞུགས་ཡོད་པ་ལ། བླ་མ་དེས་ཕྱག་གཉིས་ཀྱིས་ཐུགས་ཁའི་ན་བཟའ་བསལ་ནས། ཐུགས་ཁ་སྟོན་གྱིན་འདུག་པ་ལ་གཟིགས་པས། བླ་མ་དེའི་ཐུགས་ཁ་ནས་སྔགས་ཀྱི་ཕྲེང་བ་རིང་བོ་རིམ་པ་དུ་མ་བསྐོར་བའི་འཁོར་ལོ་ཡིག་འབྲུ་རྣམས་ཧྲམ་མེ་འདུག་པ་གཟིགས་པས་སྔགས་རྣམས་ཕལ་ཆེ་བ་ཀློགས་པ་ཅིག་རྨིས། ཕྱིས་མཇལ་བ་ན་སྐུའི་རྣམ་པ་མནལ་ལམ་དུ་བྱུང་བ་དེ་ཉིད་རང་དུ་འདུག་གསུང་ངོ་། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn