རྗེའི་རྣམ་ཐར་ཆེན་མོ་ལས་སྙན་དངགས་ཀྱི་ལམ་ནས་དྲངས་པའི་བློ་སྦྱོང་མཛད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-22 14:17:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་དགུང་ལོ་ཉེར་ལྔ་བཞེས་པའི་ལྕགས་བྱ་ལོ་ནས། །ཉེར་དགུའི་ཤིང་གླང་ལོའི་བར་ལོ་འགའ་ཚལ་གུང་ཐང་དུ་བཞུགས་ནས་བཀའ་དར་བསྟན་བཅོས་བོད་ཡུལ་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་ཞིབ་པར་མཛད། གསུང་རབ་མཐའ་དག་གི་དོན་ལ་རྣམ་པར་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས། །མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བ་རྩོམ་པའི་དབུ་བཙུགས་པར་མཛད།    

        ཡང་སྐབས་ཤིག་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་དངགས་ཀྱི་ལམ་ནས་དྲངས་པའི་བློ་སྦྱོང་མཛད་པ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ལོ། །རྒྱལ་ཁམས་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱལ་སྲས་རྣམས་ཀྱི་སྙན་དངགས་སྒྲ་རྒྱན་དང་། །རྒྱལ་བའི་གསུང་རབ་ཆོས་ཀྱི་དགའ་སྟོན་བྱ། །དར་དིར་འགྲོ་བའི་ཚོགས་རྣམས་མ་ལུས་ཀུན། །བན་བུན་དང་གཞི་དྲག་པོའི་ཀུན་སློང་དང་། །ཁྲལ་གྲོལ་བློ་གྲོས་ཡངས་པའི་ཤེས་རབ་ཀྱིས། །ལྗན་ལྗིན་ལས་ཀྱི་སྡིག་སྒྲིབ་སྦྱང་བར་གྱིས། །མྱུར་བ་མྱུར་བར་སྡིག་སྒྲིབ་མ་སྦྱངས་ན། །དང་དེ་རང་རེའི་ལས་འདི་དབང་བཙན་པས། །བདེ་བ་བདེ་བར་ཤེས་ཀྱང་འདམ་དབང་མེད། །སྡུག་པ་སྡུག་པར་ཤེས་ཀྱང་འདོར་དབང་མེད། །སྐྱེ་བོ་ཕལ་ཆེར་ཕལ་ཆེར་ལས་ཀྱིས་མནར། །ཉན་ཐོས་འཕགས་པ་འཕགས་པ་སྒུར་ཆུང་སོགས། །རྒྱལ་བའི་ཉན་ཐོས་ཉན་ཐོས་འབའ་ཞིག་ཀྱང་། །ལས་འབྲས་བདེན་པ་བདེན་པས་མནར་བར་གསུངས། །ལས་འདིས་བདེ་སྡུག་དུ་མ་བསྐྱེད་མ་བསྐྱེད། །དུས་གསུམ་བདེ་བར་གཤེགས་པས་མཁྱེན་མ་མཁྱེན། །སེམས་ཅན་དཔག་ཏུ་མེད་པས་མྱོང་མ་མྱོང་། །རང་ཉིད་གར་སོང་མེད་པར་འབྲེལ་མ་འབྲེལ། །དེ་ཕྱིར་ལས་འབྲས་བསླུ་བ་མེད་བསམས་ནས། །དེ་ནི་དཀར་ནག་ལས་ལ་འདམ་ཀ་འཚལ། །དེ་རིང་ནས་བཟུང་སྡིག་ལ་འཛེམ་པར་བྱ། །དོ་ནུབ་ནས་བཟུང་དགེ་ལ་འབད་པར་བྱོས། །དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་དམན་ན་ས་དང་ལམ་ཡང་དམན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །མཉམ་མཉམ་འགྲན་འདོད་བསམ་ངན་འཆང་བ་དང་། །ཕྱོགས་ཕྱོགས་ཆགས་སྡང་རུས་ཞེན་འཐེན་པ་ཡང་། །རང་རང་སྡུག་བསྔལ་རྒྱུ་རུ་མི་འདུག་གམ། །ཡང་ཡང་ལགས་པར་སོམས་དང་ཤེས་ལྡན་རྣམས། །ཆོས་མིན་མདུན་མའི་ལམ་ལམ་བློ་བྲིད་མཁན། །འདོད་སྲེད་ཡིད་ཀྱི་ཞལ་ཞལ་ཅོལ་ཆུང་པོ། །བློ་སྣ་ཕར་ཕར་བྲིད་དུས་སྡུག་བསྔལ་འབྱུང་། །ལྷ་སྦྱིན་ཆགས་སྡང་སྡང་ཞུགས་ཚུལ་ལ་ལྟོས། །དེ་བས་བསམ་པ་བཟང་པོའི་སེམས་བསྐྱེད་བསྐྱེད། །སེམས་འདི་དགེ་ན་དལ་འབྱོར་དོན་ཡོད་ཡོད། །སེམས་འདི་མི་དགེ་དལ་འབྱོར་དོན་མེད་མེད། །སེམས་འདི་དགེ་བར་གྱིས་དང་གྲོགས་ཀུན་ཀུན། །དགེ་སེམས་རང་ནས་གསུང་རབ་ཚིག་དོན་དེ། །ཐོག་མར་ཐོས་དང་བསམ་པས་སྒྲོ་འདོགས་ཆོད། །ཕྱི་ནས་ཐོས་བསམ་སྒྲོ་འདོགས་ཆོད་བཞིན་དུ། །དབེན་པར་སོང་སྟེ་བསྒོམས་ན་དོན་ཡོད་དོ། །དེ་རྗེས་གཞན་ཕན་ཁོ་ནའི་སེམས་བསྐྱེད་དེ། །མ་ལུས་སེམས་ཅན་ཀུན་གྱིས་ཕ་དང་མ། །དུ་མར་བྱས་པའི་དྲིན་ལ་སེམས་བཞིན་དུ། །ཕན་ཐོགས་ཅི་ནུས་ཀྱིས་དང་ཀུན་ལ་ཕན། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི། །འདི་དང་ཕྱི་མར་རང་གཞན་དོན་དུ་བཟང་། །བཟང་གི་དྲིན་ལན་ངན་གྱིས་འཇལ་བའི་མི། །མི་དེ་དུད་འགྲོ་ལས་ཀྱང་དམན་པར་གསུངས། །འགྲོ་དག་སྙིགས་མའི་དུས་ཀྱི་སྐྱེས་བུ་ལ། །བུ་ལ་མ་ལྟར་བརྩེ་བའི་ཕན་སེམས་ཅན། །སེམས་ཅན་ཡོངས་ལ་དམ་པའི་ཆོས་སྟོན་པ། །སྟོན་པ་སངས་རྒྱས་དེ་ཡི་རྗེས་སུ་སློབ། །དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་། །བཟང་འདི་སེམས་བྱེད་ཕན་ལ་གཞན་པས་དད། །ཕན་ལ་སེམས་དུས་དགོས་པས་བསྟན་པར་རིགས། །རིགས་པར་བསྟན་པས་དགོས་དུས་སེམས་ལ་ཕན། ། བཟང་སེམས་སྦྱོངས་དང་གནོད་སེམས་རིམ་གྱིས་འགྲིབ། །ཏིང་འཛིན་སྒོམས་དང་སྒྲིབ་གཉིས་ཤུགས་ལ་འདག །སྙིང་རྗེ་སྐྱེད་དང་དགེ་བ་ངང་གིས་འཕེལ། །གཉེན་པོ་སྟེན་དང་ཉོན་མོངས་རང་སར་འཇིལ། །དགྲས་ཀྱང་གཉེན་བྱེད་ཕན་བྱེད་གཉེན་ཀྱང་དགྲས། །བྱེད་ལ་སུ་སེམས་སྡང་སེམས་སུ་ལ་བྱེད། །བསམས་ན་ཐམས་ཅད་གཉེན་དང་ཕ་མར་འདུག །མདོར་ན་སྡིག་སེམས་སྤོངས་ལ་དགེ་སེམས་བསྟེན། །རྒྱུད་ལ་གནོད་སེམས་མ་འཆང་ཕན་སེམས་ཆོངས། །ཐོས་དོན་སེམས་ཤིང་བསྒོམས་ལ་སེམས་རྒྱུད་ཐུལ། །འཇིག་རྟེན་དོན་མེད་སྤོངས་ལ་དོན་ཡོད་བསྟེན། །ཅིས་ཏེ་ཅིས་ཀྱང་འཇིག་རྟེན་མི་སྤོང་ན། །ཆོས་དང་ཆོས་མིན་བསམ་པའི་འཁྱེར་སོ་ཡིན། །འདུ་འཛི་འདུ་ལོང་ཆོས་སུ་བསྒྱུར་ཐབས་གདའི། །རང་ལ་རང་གིས་ག་ཚེའི་གྲོས་འདེབས་ཀྱིས། །དཀར་འབྲས་དཀར་ལ་ནག་འབྲས་ནག་པོ་ཞེས། །ཕན་འབྲས་བདེ་ལ་གནོད་འབྲས་སྡུག་པར་གསུངས། །བཤེས་དང་གྲོགས་ལ་གཉེན་དང་ཕ་མ་ལྟར། །གཞན་ལ་ཐན་ཐུན་ཕན་ན་རང་ལ་ཕན། །གཞན་ལ་དམ་དུམ་གནོད་ན་རང་ལ་གནོད། །ཕན་བདེ་ཚང་ཚིང་བསྲེག་པའི་གནོད་སེམས་འདི། །སྡིག་སྒྲིབ་ལྗན་ལྗིན་གསོག་པའི་གཞོང་བ་ཡིན། །དོན་མེད་སྡིག་སྒྲིབ་གསོག་པ་རིང་དུ་སྤོངས། །ཆོས་མཛད་འདུག་ཚད་རྣམས་ལ་མོས་གུས་བསྐྱེད། །སེམས་ཅན་འདུག་ཚད་རྣམས་ལ་བྱམས་པ་སྒོམས། །མཐོང་ཚད་བདེ་བར་གྱུར་ཅིག་སྨོན་ལམ་ཐོབ། །དེ་རྗེས་བདེ་བས་ཐམས་ཅད་ཁྱབ་པར་སེམས། །སྤྲོ་དགའ་བསྐྱེད་པའི་ཆོས་ལ་རྟོག་དཔྱོད་དཔྱད། །རྩོམ་པའི་ལྟད་མོ་ཚིག་ཏུ་སྡེབས་སྦྱོར་སྦྱར། །དད་ལྡན་ཡིད་ལ་ཆེས་ཆེར་ཆོས་འདི་འདུ། །སྙམ་དུ་བསམས་ནས་ཆོས་ཀྱི་དགའ་སྟོན་བསྟན། །རྩ་བ་འདི་ནི་སྙན་དངགས་གོ་བདེར་ཡོད། །འགྲེལ་པ་གསུང་རབ་སྒྲུབ་རྒྱུད་ཁོ་ནར་ཡོད། །ཚིག་ལ་གཟིགས་དང་རྩོམ་པའི་ལྟད་མོ་ཡོད། །དོན་ལ་སོམས་དང་དམ་ཆོས་བྱེད་ལུགས་ཡོད། ། ཕུལ་བྱུང་གཞུང་ལུགས་གསུང་ཀུན་ཉུང་ངུ་བསྡུས། །མི་ཡི་རིགས་ཀྱིས་གཟིགས་ཕྱིར་ཚིག་འདི་བྲིས། །ལེགས་ཤེས་བདེན་སེམས་བསྐྱེད་དེ་ཆེས་ཆེར་འཕེལ། །བློ་གྲོས་ཡོད་ཚོས་དགོངས་མོད་དོན་གོ་ཚངས། །འགའ་ཞིག་དོན་མེད་ཚིག་གི་མདུད་པ་རྩོམ། །གཞན་དག་འབྲེལ་མེད་བླུན་ཚིག་བབ་ཆོལ་སྨྲ། །སྡེབས་ལེགས་གསལ་བར་རྩོམ་པའི་རྩོམ་མཁན་ནི། །གངས་རིའི་ཁྲོད་འདིར་བློ་བཟང་གྲགས་པའི་དཔལ། །ཕན་སེམས་གློག་ཕྲེང་འགྱུ་བས་ཉེར་མཛེས་པའི། །ཀུན་སློང་དགེ་སེམས་ཆར་སྤྲིན་འཁྲིགས་པ་ལས། །ཕུན་ཚོགས་བདེ་སྐྱིད་རིན་ཆེན་ཆར་བཞིན་བབ། །ཐམས་ཅད་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ། །ཡི་དམ་གསུང་གི་དངོས་གྲུབ་བརྟན་པར་བྱས། །ཕན་དང་དཔག་ཡས་བདེ་བ་མ་ལུས་དང་། །དོན་དམ་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་པ་འདི་ནི་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཚལ་དབུས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། །ཞེས་པའོ། ། 

                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།