རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་རྗེ་རེད་མདའ་པའི་རྟོགས་པ་མདོ་ཙམ་བཅས་བསྟན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-18 12:48:29     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལ་རྣམ་ཐར་ཆེན་མོ་ལས། རྗེ་བཙུན་དམ་པ་རེད་མདའ་པ་ཆེན་པོ་ཀུ་མ་ར་མ་ཏི་ཞེས་འཇིག་རྟེན་གསུམ་ན་མཆོག་ཏུ་དཀར་བའི་གྲགས་པའི་བ་དན་ཆེས་ཆེར་གསལ་བ་འདི་ནི། གཞོན་ནུ་ན་ཚོད་ཡོངས་སུ་མ་སྨིན་པའི་སྐབས་ཉིད་ནས། ལེགས་པར་སྦྱང་བའི་ནུས་པ་ཡོངས་སུ་སྨིན་པས། བྱིས་པ་ཉིད་ན་ཡང་། ཆོས་བརྒྱད་བུང་བའི་རོལ་རྩེད་ལ་ཆགས་པའི་ཀུན་རྟོག་སྤྲོས་པའི་ཉི་འོད་ནི་ནུབ། ཆགས་སྡང་འབྱུང་པོའི་བྱ་ཚོགས་རྒྱུ་པའི་བདག་འཛིན་མུན་པའི་སྨག་རུམ་ནི་སངས། ཐུབ་བསྟན་གངས་ཀྱི་རི་སུལ་སྐྱོང་བའི་རྣམ་དཔྱོད་གདོང་ལྔའི་ལུས་རྩལ་ནི་ཡོངས་སུ་རྫོགས། སྲིད་གསུམ་དྲི་ཟའི་གྲོང་ཁྱེར་ལྟར་གཟིགས་ནས་རྒྱལ་སྲས་སྒྱུ་མའི་རྣམ་རོལ་གྱིས་སྤྱོད་པ་ཞིག་སྟེ། ཞེས་གསུངས་པ་ལྟར་བླ་མ་རེད་མདའ་པ་འདི་ནི་ཆུང་དུས་ནས་ཆགས་སྡང་སོགས་འཇིག་རྟེན་གྱི་དྲི་མས་མ་གོས་ཤིང་། གཞོན་ནུ་ལ་རབ་ཏུ་བྱུང་ནས་རྒྱལ་པའི་བསྟན་པ་ལུང་གི་ཆོས་མཐའ་དག་ལ་ལེགས་པར་སྦྱངས། དེ་ཡང་དབང་ལུང་སོགས་གསན་པ་ཙམ་མ་གཏོགས་ད་ལྟའི་བཤེས་གཉེན་གཞན་དག་གི་ཁ་ལ་རག་ལས་པ་མེད་པར། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་གང་ལ་ཡང་ལན་གཅིག་གཉིས་ཞིབ་ཏུ་གཟིགས་པ་ཙམ་གྱིས་བསྟན་བཅོས་དེའི་རྩ་འགྲེལ་ལེགས་པར་སྦྱར་བའི་དོན་གྱི་ལུས་ཡོངས་སུ་རྫོགས་པར་ཤེས་ཤིང་རང་རང་གི་ལུགས་མ་འདྲེས་པར་ཐུགས་སུ་ཆུད་ནས། རིགས་པའི་ལམ་ནས་དྲངས་ཏེ་འཆད་པ་ལ་ཐོགས་པ་མེད་ཅིང་།

        ཁྱད་པར་དུ་དབུ་ཚད་ཀྱི་རིགས་པའི་ལམ་ཐམས་ཅད་ཆེས་ཆེར་ནུབ་ནས་མིང་ཙམ་ཡང་མེད་པར་གྱུར་པ་ལ་རང་སྟོབས་ཀྱིས་དབུ་ཚད་ཀྱི་རིགས་པའི་ལམ་སྲོལ་ཕྱེ་སྟེ། བྱང་ཕྱོགས་ཀྱི་མཁས་པ་ཀུན་གྱི་མགོ་བོ་ལ་བཀའི་ཕྲེང་བ་ངལ་གསོ་བགྱིད་པའི་ཤིང་རྟ་ཆེན་པོར་གྱུར་པ་ཡིན་ནོ། ། དམ་པ་འདིའི་མངོན་པར་རྟོགས་པའི་ཡོན་ཏན་ནི། ཉེས་སྤྱོད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་ལྷག་པ་ཚུལ་ཁྲིམས་དང་ལྡན་པས་གསེར་རིའི་ཕྲེང་བ་ལྟ་བུའི་གནས་བརྟན་འདུལ་འཛིན་རྣམས་ཀྱི་དབུས་ན་ལྷུན་པོ་ལྟར་འཕགས་ཤིང་། རང་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་རྒྱུན་ཆགས་པར་མངའ་བས་འགྲོ་བ་ཀུན་ལ་བུ་གཅིག་པུ་ལྟར་དགོངས་ཏེ་བརྩེ་བ་དང་། གཞན་ལ་ཕན་པར་གྱུར་ན་དམྱལ་བའི་མེ་ཡང་པདྨོའི་ཚལ་ལྟར་གཟིགས་ནས་འཇུག་པ་ལ་ཡ་མི་ང་ཞིང་། རང་གི་ཆེད་དུ་དག་ཞིང་གི་དཔྱོད་པ་ཡང་རྨི་ལམ་གྱི་དགའ་སྟོན་ལྟར་གཟིགས་ནས་དགོས་པར་མི་མཛད་པ། སོ་སྐྱེའི་བྱང་སེམས་ཕལ་མོ་ཆེས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་ཕུལ་བྱུང་མངའ་བ། དཔལ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་སོགས་ཀྱིས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་བརྙེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པའི་ཡོན་ཏན་གྱི་ཚོགས་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། རྒྱལ་བའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་ལ་མི་གཡེལ་བའི་སྲུང་མ་ཁྱད་པར་ཅན་དང་། དཀར་ཕྱོགས་མངོན་པར་སྐྱོང་བའི་ལྷ་དག་གིས་དངོས་སུ་བསྙེན་བཀུར་ཅིང་ལེགས་སོ་ཞེས་གསོལ་བའི་ཚིག་གིས་བསྔགས་པ་ཡིན་ནོ། །

        གཞན་ལ་ཆོས་སྟོན་པའི་འཕྲིན་ལས་མཛད་པ་ལ་དགོངས་པ་ཕྱོགས་པའི་ཚེ་ནུབ་ཅིག་ནམ་མཁའི་དབུས་ནས་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱིས་དམ་པའི་ཆོས་ཀྱི་རྔ་ཆེན་བཞི་བརྡུངས་པའི་སྒྲ་ཆེན་པོས་འཇིག་རྟེན་གང་བར་བྱས་པ་མངོན་སུམ་དུ་གཟིགས་པ་སོགས་བརྗོད་ཀྱིས་མི་ལང་བའི་ཡོན་ཏན་གྱི་ཚོགས་ཀྱིས་མཐོ་བར་གྱུར་པའོ། ། རྗེ་ཙོང་ཁ་པས་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། ཕྲ་ཞིབ་རིགས་པའི་སྒོ་ནི་དང་པོར་རྗེ་བཙུན་འདི་ལས་བརྙེས་པས་འགྲན་ཟླ་མེད་པའི་བླ་མའི་གཙོ་བོར་མཛད་པ་ཡིན་ནོ། །

                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།