རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་ཐུགས་གཉེར་གཙོ་བོར་མཛད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-14 20:54:11     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་གཙང་གི་ཕྱོགས་སུ་འབྱོན་པའི་ཞར་དེ། རིན་ཆེན་སྤུངས་པའི་རོང་ཆེ་བ་ལ་བརྒྱུད་དེ། ལམ་དྲང་བོས་ས་སྐྱར་འབྱོན་པར་བཞེད་པ་ཡིན་ཀྱང་། ཇོ་གདན་གྱི་གྲྭ་པ་ཁ་ཤས་དང་ལམ་དུ་འགྲོགས་པའི་དབང་གིས་རིན་སྤུངས་ཀྱི་རྒྱང་མཁར་ཕུའི་ལ་བྱོན། ཉང་སྟོད་ཀྱི་མཁར་ཁ་ལ་བརྒྱུད་ནས་ཞ་ལུར་ཕེབས། དེར་བུ་སྟོན་རིན་པོ་ཆེའི་གདན་ས་པ་ལོཙྪ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་པ་ལ་མཇལ། བདེ་མཆོག་མེ་ཏྲི་བཅུ་གསུམ་མའི་དབང་གསན།

        དེ་ནས་སྣར་ཐང་ལ་བརྒྱུད་དེ་དཔལ་ལྡན་ས་སྐྱའི་ཆོས་སྡེ་ཆེན་པོར་ཕེབས། དགོན་སྡེ་དེ་དག་གི་ལུགས་སྲོལ་ལ་ལོ་དེ་ལ་ལན་འགའ་བགྲོ་གླེང་བྱེད་པའི་ཆོས་ཐོག་དང་། དེ་དག་གི་བར་བར་དུ་ཆོས་འཚམས་བྱེད་པ་ལས་སྐབས་དེར་ཆོས་འཚམས་ལ་ཐུག་པས། ཆོས་ཐོག་ཕྱི་མ་ཚུགས་ཀྱི་རིང་ལ་ས་བཟང་དུ་བྱོན་ནས། པཎ་ཆེན་མ་ཊི་པའི་དྲུང་དུ་ཆོས་བཀའ་ཅི་རིགས་པ་གསན། དུས་ཆོས་ཚུགས་པའི་རྗེས་སུ་ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་རྗེས་ལ་སྟོད་བྱང་དུ་བྱོན། འདང་བཟང་ལྡན་གྱི་ཆོས་སྡེ་དང་། རམ་རིང་ཆོས་སྡེ། འགའ་རོང་ཆོས་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་རྒྱས། དེ་ལྟར་གྲྭ་སྐོར་མཛད་པའི་དགོས་པ་ནི་གཞུང་གི་དོན་ལ་མཁས་པ་རྣམས་ཕན་ཚུན་དུ་བགྲོས་པས་མ་རྟོགས་པ་རྟོགས་པ་དང་དཀའ་བའི་གནས་ལ་རྟོག་དཔྱོད་ཞུགས་པ་དང་། རིག་པ་འཕེལ་བའི་ཆེད་ཡིན་ལ། རྗེ་རིན་པོ་ཆེས་ནི་བགྲོ་གླེང་བྱེད་པ་པོ་དག་གི་རྒྱུད་བྱིན་གྱིས་བརླབ་པ་དང་། བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་པ་སོགས་ཀྱི་ཆེད་ཡིན་པར་ངེས་སོ།།

        དེ་ནས་ཇོ་མོ་ནང་དུ་ཕེབས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་པའི་དྲུང་དུ་དུས་འཁོར་གྱི་རྫོགས་རིམ་སྦྱོར་པ་ཡན་ལག་དྲུག་གི་ཁྲིད་སོགས་གསན། དེ་ནས་བོ་དོང་ལ་བྱོན། ཡང་འོང་བའི་ལམ་དུ་སྤྱི་བོ་ལྷས་སུ་ཕེབས། དེའི་མཁན་ཆེན་པ་ལ་བཀའ་གདམས་གླེགས་བམ་དང་བྱང་ཆུབ་ལམ་རིམ་གྱི་ལུང་ཐོབ། དེ་ནས་ཆོས་གྲྭ་ཆེན་པོ་ཨེར་གྲྭ་སྐོར་མཛད་ནས་སྣར་ཐང་དུ་ཕེབས། འཇམ་སྐྱས་མཛད་པའི་ཕར་ཕྱིན་གྱི་ཊིཀྐའི་ནང་ན། མངོན་པ་མཛོད་ཀྱི་ལུང་དྲངས་པ་མང་དུ་འདུག་ཅིང་དེ་ལ་འབྲུ་སྣོན་པ་དཀའ་བར་འདུག་པའི་རྐྱེན་གྱིས་མཛོད་ཅིག་གསན་པར་བཞེད་པ་ལས། སྣར་ཐང་གི་མཁས་པ་བླ་མ་ལོ་ཙཱ་བ་དོན་བཟང་བ་ལ་བསམ་བཟང་གི་ཊིཀྐའི་སྟེང་ནས་མཛོད་ཀྱིས་བཤད་པ་ཚར་གཅིག་གསན།

        འོན་ཀྱང་རྗེ་འདིའི་མཁྱེན་དཔྱོད་རྒྱ་ཆེ་བས་བླ་མ་དེའི་གསུང་བཤད་ཀྱིས་ཐུགས་ཁེངས་པ་མ་བྱུང་། དེ་དུས་སྣར་ཐང་གི་དགེ་བཤེས་གཅིག་ལ་ཉ་དཔོན་ཀུན་དགའ་དཔལ་གྱིས་མཛད་པའི་ཕར་ཕྱིན་གྱི་ཊིཀྐའི་དཔེ་ཞིག་འདུག་པ་གཟིགས་པས། སྔར་གྱི་འཇམ་སྐྱའི་ཊིཀྐ་ལས་ཤིན་ཏུ་གསལ་ཞིང་གོ་བ་ལ་ཕན་པའི་ལེགས་བཤད་མང་དུ་འདུག་པས་ཉ་དབོན་ལ་ཕར་ཕྱིན་གསན་པའི་ཐུགས་བཞེད་འཁྲུངས་ཤིང་། ཡང་འགྲེལ་པ་དེར་མཛོད་ཀྱི་ལུང་དྲངས་པ་འགའ་ཞིག་ལའང་བཤད་པ་གསལ་པོ་འདུག་པས་མངོན་པ་ལ་ཡང་མཁས་པ་ཡིན་པ་འདྲ་བསམ་ནས་ཉང་སྟོད་དུ་ཕེབས། གནས་རྙིང་དུ་ཐོགས་ཙམ་བཞུགས་ནས་གནས་རྙིང་གི་གཟུངས་སྒྲུབ་ཀྱི་ཚོགས་ལ་ཕར་ཕྱིན་གྱི་གྲྭ་སྐོར་མཛད།

        དབྱར་གྱི་ཆོས་ཐོག་གི་སྐབས་སུ་རྩེ་ཆེན་དུ་ཕེབས། མཁས་པའི་དབང་པོ་ཉ་དཔོན་ཀུན་དགའ་དཔལ་བའི་དྲུང་ནས་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན། བླ་མ་འདི་ནོར་བ་དང་བརྗེད་པ་སོགས་ཀྱི་དྲི་མ་མེད་ཅིང་མཁྱེན་རབ་ཤིན་ཏུ་གསལ་བ་དང་། ཞིབ་ཏུ་བརྟག་པའི་རྣམ་དཔྱོད་ཅན། བཤད་བྱའི་དོན་རྣམས་དཔྱིས་ཕྱིན་པར་བརྡ་སྤྲོད་པས་ཉན་པ་པོའི་བློ་ལ་ལེགས་པར་འཇུག་པ་སོགས་མཁས་པའི་ཡོན་ཏན་གྱིས་རྗེ་རིན་པོ་ཆེའི་ཐུགས་རངས་ནས་གུས་པར་གྱུར་ཏོ། །

        དེ་ནས་མཛོད་གསན་པར་ཞུས་པ་ལ། བླ་མས། ངས་སྔོན་མངོན་པའི་ཆོས་འཆད་དུ་རུང་བ་ཞིག་བསླབས་པ་ཡིན་ཀྱང་ལོ་ཁ་ཤས་དོན་གཉེར་བྱེད་མཁན་མ་བྱུང་བས་བློ་ལ་མི་གསལ་བར་སོང་། འཆད་ན་དཔེ་ལ་བལྟ་རྟོག་བྱེད་དགོས་ཤིང་། ཁམས་ཀྱང་ཅུང་ཟད་མ་བདེ་བ་དང་། ཕར་ཚད་འཆད་དགོས་པ་མང་པོ་ཡོད་པས་འཕྲལ་དུ་མི་འགྲུབ་པར་འདུག ངེད་ཀྱི་སློབ་མ་རེད་མདའ་པ་འདི་རྣམ་དཔྱོད་བཟང་ཞིང་མངོན་པའི་ཆོས་ལ་མཁས་པ་ཡིན་པས་འདི་ལ་ཉན་ན་འཐད། རྒྱས་པ་མ་བྱུང་ནའང་མཛུབ་ཁྲིད་ཙམ་ཉན་ན་ལེགས་ཞེས་ཡང་ཡང་གསུང་བ་དང་། བླ་མ་འདིའི་སློབ་མ་སྔར་ནས་ངོ་ཤེས་པ་ཅིག་གིས་ཀྱང་ཕན་ཚུན་དུ་གཏམ་བྱས་པས། རྗེ་བཙུན་རེད་མདའ་པ་དབྱར་དེ་ས་སྐྱ་ནས་རྩེ་ཆེན་དུ་ཕེབས་པ་ལ། མཛོད་རང་འགྲེལ་བཅས་པ་མཛུབ་ཁྲིད་དུ་མཛད་དེ་གསན། མཛོད་འདི་ནི་མངོན་པའི་སྡེ་སྣོད་ཀུན་གྱི་དོན་བསྡུས་པ་ཡིན་ཞིང་། རྒྱ་གར་གྱི་མཁས་པའི་དབང་པོ་དབྱིག་གཉེན་གྱིས་མཛད་པ་ཡིན་ལ། རང་འགྲེལ་ནི་ཁོང་རང་གིས་མཛད་པའི་འགྲེལ་པའོ། །

        རྗེ་རེད་མདའ་པས་གཞུང་གི་ཚིག་སོ་སོའི་ཐད་ཙམ་བཤད་པ་མ་ཡིན་པར་བསྟན་བཅོས་སྤྱིའི་དོན་ཆེ་བ་རྣམས་ལེགས་པར་བསྒྲིགས་ནས་བཤད་ཅིང་། ཞིབ་ཏུ་དཔྱོད་དགོས་པའི་ས་རྣམས་སུ་ཐེ་ཚོམ་བཅད་དེ་གོ་བ་བོགས་ཆོད་དུ་སྟེར་བར་བཤད་འདུག་པས་དད་གུས་ཆེན་པོ་འཁྲུངས། གང་གསུངས་པའི་ཚིག་དོན་ཐམས་ཅད་ལན་རེ་ཁོ་ནས་ཐུགས་སུ་ཆུད་ནས་དཀའ་བའི་གནད་རྣམས་ལ་ཞིབ་ཏུ་དཔྱད་དེ་དྲི་གཏུགས་ལེགས་པར་མཛད་པས། བླ་མ་རེད་མདའ་པ་ཡང་རྗེ་འདིའི་མཁྱེན་དཔྱོད་རྣོ་ཞིང་གསལ་བས་ཐུགས་ཕྲོགས་ནས་བུ་ཁྱོད་ལ་མཛུབ་ཁྲིད་བྱེད་པའི་མིས་ལེགས་པར་དཔྱད་དེ་སྒྲིམ་དགོས་པར་འདུག རིག་པ་བཟང་པོ་འདི་འདྲ་ཡོད་ཅིང་རགས་རིམ་ཤེས་པ་ཙམ་གྱིས་མ་ཚིམ་པར་དོན་གྱི་གཏིང་ལ་ཐུག་པའི་བར་དུ་བརྩོན་པ་འདི་ཤིན་ཏུ་ལེགས་ཞེས་ཐུགས་མཉེས་པར་མཛད། 

                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།