རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་ཐུགས་གཉེར་གཙོ་བོར་མཛད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-14 20:45:33     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        གོང་དུ་བརྗོད་པ་ལྟར་ཆོས་རྗེ་བླ་མས་མཁོ་བ་རྣམས་ཚང་བར་མཛད་ནས་ཞལ་གདམས་གནང་བ་བཞིན། དགུང་ལོ་བཅུ་དྲུག་གི་སྟེང་འབྲི་གུང་དུ་འབུལ་བ་སྐྱེལ་བའི་དཔོན་ལྡན་མ་རིན་ཆེན་དཔལ་དང་། རྗེ་རང་གི་ཞང་པོ་གཉིས་དང་། གྲོགས་གཞན་དུ་མ་དང་ལྷན་དུ་ཡུལ་དབུས་ཀྱི་ཕྱོགས་སུ་བྱོན། དེ་ནས་རིམ་གྱིས་ཆབ་མདོར་སླེབས་པའི་ཞག་གཅིག་གི་སར་གནས་བརྟན་བཅུ་དྲུག་དང་། དེ་དང་ཉེ་བར་མགོན་པོ་ཕྱག་དྲུག་པ་གཟིགས་པས། གནས་འདིར་དགོན་སྡེ་ཞིག་ཆགས་པར་འདུག་ཅེས་གསུང་ཞིང་། ཕྱིས་གནས་བརྟན་གཟིགས་སར་འདུ་ཁང་དང་། མགོན་པོ་གཟིགས་སར་མགོན་ཁང་དང་བཅས་པའི་འདུས་སྡེ་ཆགས་པ་ནི་དེང་སང་གི་པར་འདུས་ཚོགས་འཕེལ་བཞིན་བཞུགས་སོ། །
        དེ་ནས་དགུང་ལོ་བཅུ་བདུན་པའི་ཆུ་གླང་ལོའི་སྟོན་གྱི་དུས་སུ་འབྲི་ཁུང་དཔལ་གྱི་ནགས་ཁྲོད་ཅེས་པའི་དགོན་པར་ཕེབས། འབྲི་ཁུང་གི་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང་མཇལ། ཐེག་ཆེན་སེམས་བསྐྱེད་དང་། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད། རྡོ་རྗེ་ཕྲེང་བ་སོགས་ཀྱི་བཀའ་ཆོས་མང་དུ་གསན། དེར་བླ་མ་དེས་རྗེ་འདི་བ་ལ། ངས་ཁྱོད་ལ་རྟེན་ཅིག་འབུལ་བ་ཡིན། །ཁྱོད་གང་འདོད་ཅེས་གསུང་བར། བླ་མའི་རྟེན་གྲལ་དུ་བཞུགས་པའི་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཞིག་གིས། ཁོང་གི་རྟེན་དུ་ང་འགྲོ་ཞེས་གསུང་བྱོན་པས་ལྷ་སྐུ་དེ་ཉིད་གནང་སྟེ། རྟེན་འདི་ནི་ད་ལྟ་དགའ་ལྡན་བྱང་རྩེའི་གཟིམས་ཁང་ན་མཆོད་ཅིང་ཡོད་དོ། །རྗེ་རིན་པོ་ཆེས་འདིར་བཞུགས་པའི་སྐབས་ཤིག་ཏུ། ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ་ལ་རྩོམ་པར་མཛད། སྨོན་ལམ་འདི་ནི་སྐྱེ་བ་ཐམས་ཅད་དུ་ངན་འགྲོར་མི་ལྟུང་བའི་རྟེན་བཟང་ཐོབ་པ་དང་། བཤེས་གཉེན་བཟང་པོ་དང་མཇལ་ཞིང་བླ་མས་བརྩེ་བས་ཆོས་གསུང་པ་དང་། ཐོས་བསམ་སྒོམ་གསུམ་ཚུལ་བཞིན་དུ་བྱེད་པ་དང་། བསྟན་འགྲོར་ཕན་ཐོགས་པ་སོགས་ཀྱི་དོན་ཕུན་སུམ་ཚོགས་པ་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། འདུས་སྟེ་ཐམས་ཅད་དུ་དར་བར་སྣང་ངོ་། །སྨོན་ལམ་འདིར་ཆོས་བྱེད་པའི་ཚུལ་གསལ་བར་གསུངས་པས་ད་ལྟ་རང་ཅག་གིས་འདིའི་རྗེས་སུ་འབྲངས་ནས་ཆོས་བྱས་ན་ལེགས་ཞེས་མཁས་པ་དག་གསུང་ངོ་། །

        དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། ཕར་ཕྱིན་གྱི་སློབ་གཉེར་ཅུང་ཞིག་མཛད་པ་ལ། གྲོགས་འགའ་ཞིག་གིས་སྨན་སློབ་ཏུ་འགྲོ་བ་ན་དེར་ལྷན་དུ་སྨན་དཔྱད་སློབ་ཅེས་ནན་ཏན་བྱས་པས། གྲོགས་ཀྱི་དབང་གིས་ཚལ་གུང་ཐང་དུ་བྱོན། སྨན་པ་མཁས་པ་དཔོན་དཀོན་མཆོག་སྐྱབས་ཞེས་པ་ལས་གསོ་དཔྱད་ཀྱི་སྐོར་གསན། ཡན་ལན་བརྒྱད་པ་ཐུགས་ལ་བཟུང་བས་གསོ་རིག་ལ་ཆེས་མཁས་པར་གྱུར་ཀྱང་སྨན་སྦྱོར་བ་སོགས་དང་། གསོ་བ་རིག་པ་མཁྱེན་ཅེས་པ་ཙམ་ཡང་མ་གསུང་ངོ་། །འདི་ནི་གཞན་དོན་དུ་རིག་གནས་ཀུན་ལ་སྦྱངས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཡིན་མོད་ཀྱང་། རྙེད་པའི་ཆེད་དུ་སྨོན་ལམ་སོགས་ལ་ཞེན་པར་མི་བྱ་ཞེས་རྗེ་ཉིད་ཀྱི་རྗེས་སུ་འཇུག་པའི་གདུལ་བྱ་རང་ཅག་རྣམས་ལ་སློབ་སྟོན་མཛད་པའི་བརྡ་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །

        དེར་ཡུན་མི་རིང་བར་རེ་ཞིག་ཙམ་བཞུགས་པ་ལས་སླར་ཡང་བདེ་བ་ཅན་དུ་བྱོན། བདེ་བ་ཅན་གྱི་མཁས་པ་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། གདན་ས་པ་དགེ་བསྐོས་པ་གཉིས་ལ་ཆོས་འབྲེལ་གསན། གསན་སྦྱོང་གི་སློབ་དཔོན་གཙོ་བོ་ཡོན་ཏན་རྒྱ་མཚོ་དང་། ཞར་ཆོས་པ་ཨུ་རྒྱན་པ་གཉིས་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་བཅས་ལ་ཐུགས་སྦྱོང་མཛད་དེ། ཞག་བཅོ་བརྒྱད་ཙམ་གྱིས་གཞུང་གི་ཚིག་མཐའ་དག་ཤིན་ཏུ་བྱང་བར་ཐུགས་ལ་བཟུང་། འཇམ་སྐྱའི་ཊིཀྐའི་སྟེང་ནས་བཤད་པ་གསན་ནས་དོན་ཀུན་ཐུགས་སུ་ཆུད་པར་མཛད། ཚིག་གི་སྦྱོར་བ་བརྩི་བ་དང་རིགས་ལམ་གཏོང་བ། དམ་བཅའ་གཟུང་བ་སོགས་ཡུན་རིང་པོ་མ་ལོན་ཞིང་ཐུགས་རྩོལ་ཆེར་མ་མཛད་པར་ཡང་ཕར་ཕྱིན་གྱི་ཚིག་དོན་ཀུན་ལ་ཤིན་ཏུ་མཁས་པར་གྱུར་པས། སློབ་དཔོན་དང་གྲོགས་མཆེད་ཐམས་ཅད་ཀྱང་། འདིའི་བློ་ནི་དཔག་པར་དཀའ་བ་ཕུལ་དུ་བྱུང་བ་འདུག་ཅེ་བསྔགས་ཤིང་བསྟོད་པར་བྱུང་། མདོ་སྡེ་རྒྱན་ནི་སྔར་མདོ་སྨད་དུ་བཞུགས་པའི་དུས་ནས་ཚིག་ཐུགས་ལ་བཟུང་ཞིང་། ཆོས་རྗེ་དོན་རིན་པ་ལ་གསན་ནས། གཞན་ལའང་འཆད་པ་སོགས་མཛད་པ་ཡིན་ཀྱང་བདེ་བ་ཅན་གྱི་དགེ་བཤེས་ཆེན་པོ་འཇམ་དབྱངས་རིན་ཆེན་པ་དེ་བྱམས་ཆོས་ལ་ཤིན་ཏུ་མཁས་པར་བྱེད་ཀྱིན་འདུག་པས། བླ་མ་དེ་ལས་མདོ་སྡེ་རྒྱན་སོགས་བྱམས་ཆོས་ཕྱི་མ་བཞི་ལེགས་པར་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །

        བདེ་བ་ཅན་འདིའི་ཚོགས་རྒྱུན་ནི་དེང་སང་ར་སྟོད་ཅེས་གྲགས་པ་དེ་ཡིན་གསུང་། ཡང་བདེ་བ་ཅན་ན་ཐུགས་སྦྱོང་མཛད་ཅིང་བཞུགས་པའི་སྐབས་ཤིག རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ། ས་སྐྱོང་མིའི་དབང་པོ་ཕག་མོ་གྲུབ་པའི་གདུང་བརྒྱུད་ཀྱི་གཙུག་རྒྱན་དུ་གྱུར་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་དབེན་གནས་དངུལ་ཆུ་ཆོས་རྫོང་དུ་ཕེབས་པ་ལ་མཇལ། འཇམ་དཔལ་ཨ་ར་པ་ཙ་ནའི་རྗེས་གནང་། བདེ་མཆོག་དྲིལ་བུ་བའི་ལུས་དཀྱིལ་གྱི་དབང་། གུར་མགོན་གྱི་རྗེས་གནང་རྣམས་གསན། བླ་མ་དེས་རང་གི་པཎ་ཞྭ་གནང་སྟེ་བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པའི་ཆོས་ལུགས་སྐྱོང་བའི་བླ་མ་ཁྱོད་ཡིན་པས། བུའི་ལུགས་ཀྱི་བསྟན་པ་ཁྱོད་ལ་གཏད་དེ་གསུང་སྟེ་བསྟན་པའི་བདག་པོར་མངའ་གསོལ། དེ་ལྟར་ལོ་གཉིས་ཀྱི་ནང་དུ་ཕར་ཕྱིན་གྱི་ཚིག་དོན་ཀུན་ལ་ཤིན་ཏུ་མཁས་པར་གྱུར་ནས། དེའི་ནང་ནས་དགེ་འདུན་ཉི་ཤུའི་སྐོར་དང་། བསམ་གཟུགས་ཀྱི་སྐོར་ལས་བརྩམས་པའི་ཟིན་བྲིས་ཀྱང་མཛད་དོ། ། དགུང་ལོ་བཅུ་དགུ་བཞེས་པའི་ཤིང་ཡོས་ལོར་གསང་ཕུ་བདེ་བ་ཅན་སོགས་འདུས་སྡེ་འགར་གྲྭ་སྐོར་མཛད་དོ། །

        དེ་ཡང་གྲྭ་སྐོར་ཞེས་པ་ནི། འདུས་སྡེའི་བླ་མ་དག་ལ་ཞུས་ནས། བླ་མ་རྣམས་ཀྱིས་གཙོས་པའི་འདུས་སྡེ་འཚོགས་པའི་ནང་དུ་བསྡད་ནས། དགོན་པ་དེའི་མཁས་པ་རྣམས་རིམ་བཞིན་རིགས་ལམ་གཏོང་བ་ལ་གང་དྲིས་པའི་དོན་ཕྱེ་སྟེ་ལན་འདེབས་པ་ཡིན་ལ། རྗེ་འདིས་འདུས་ཚོགས་དེ་དག་གི་དགེ་བཤེས་མཁས་པ་རྣམས་ཀྱིས་རྟོགས་དཀའ་བའི་ཟབ་དོན་ཕྲ་མོ་ཇི་འདྲ་བ་ལས་ཞིབ་ཏུ་དཔྱད་དེ་དྲིས་ཀྱང་ནོར་བ་དང་ཆགས་ཐོགས་སོགས་ཅུང་ཟད་ཀྱང་མེད་པར་སོ་སོར་ཞིབ་ཏུ་ཕྱེ་ནས་ལན་མཛད་པས་བློ་གྲོས་ཕུལ་དུ་བྱུང་བ་དང་ཆོས་སྐོར་སྨྲ་བ་ལ་མཁས་པ་ཕུན་སུམ་ཚོགས་པ་ཞེས་པའི་སྙན་པ་ཆེས་རིང་བར་གྲགས་ཤིང་། ཡོན་ཏན་བཟང་བའི་མཁས་པ་ཀུན་གྱི་ཐུགས་ཡིད་དབང་མེད་དུ་ཕྲོགས་ཏེ་དགའ་ཞིང་བསྟོད་པར་གྱུར་ཏོ། ། 

                                                                     རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།