རྗེ་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཆོས་རྗེ་དོན་རིན་པའི་རྣམ་ཐར་ཅུང་ཟད་བརྗོད་པ་གཉིས་པ།
དེ་ནས་ལོ་འགའི་བར་ཕར་ཕྱིན་སོགས་བྱམས་ཆོས་རྣམས་དང་། ཚད་མའི་སྐོར། སྤྱོད་འཇུག བརྟག་གཉིས་སོགས་མང་དུ་གསུང་། འོན་ཀྱང་བཞེད་པ་ལྟར་གྱི་ཕན་ཐོགས་ཆེར་མ་བྱུང་བས་ཐུགས་སྐྱོ་བ་དང་། བླ་མའི་ལུང་བསྟན་ཀྱང་ཡོད་པས་རང་གི་དབོན་པོ་ཤཱཀྱ་བཟང་པོ་ཟེར་བ་ཤ་སྦྲང་གི་གདན་སར་བསྐོས། བླ་མ་རང་ཉིད་བྱ་ཁྱུང་དུ་རྒྱུན་དུ་བཞུགས་ནས་སྒོམ་སྒྲུབ་སྤྱི་དང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་གཙོ་བོར་མཛད།
དེ་དུས་རྨི་ལམ་དང་དངོས་སུ་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་ལན་མང་དུ་གཟིགས་ཤིང་བྱིན་གྱིས་བརླབས། རྗེ་ཙོང་ཁ་པ་འཁྲུངས་པ་སོགས་གསལ་བར་གསུངས་པ་དང་། སྤྲུལ་སྐུ་ལ་དོ་དམ་མཛད་པ་སོགས་གོང་དུ་སྨྲས་པ་ལྟར་རོ། ། ཡང་རྗེ་ཙོང་ཁ་པ་བསྙེན་མཚམས་ལ་བཞུགས་པའི་ཆེད་དུ་རྩྭའི་སྤྱིལ་བུ་ཅིག་མཛད་ཅིང་དེར་བསྙེན་སྒྲུབ་མང་དུ་མཛད་པ་ཡིན་ལ། ཕྱིས་རྗེ་རིན་པོ་ཆེ་ཐུགས་གཉེར་ལ་བྱོན་པ་ན། ཆོས་རྗེ་བླ་མས་ཕྱི་རོལ་ཏུ་ཕེབས་ཏེ་རིང་དུ་གཟིགས་ཀྱང་། རྗེ་རིན་པོ་ཆེས་སླར་མ་གཟིགས་པར་བྱོན་པས། ཆོས་རྗེ་བླ་མ་ཐུགས་འཚུབ་པ་ལྟར་མཛད་ནས། བློ་བཟང་གྲགས་པ་འགྲོ་ཁར་ང་ལ་ཕྱིར་མ་བལྟས་པར་སོང་བ་ནི་ངའི་དྲིན་མ་བསམས་པར་འདུག དགེ་རྒན་མ་བསམས་པས་སྤྱིལ་བུ་འདི་བྲག་གཡང་ལ་དོར་ཅིག་གསུངས་ནས་ནང་དུ་ཕེབས། སློབ་མ་དག་གིས་བཀའ་བཞིན་དུ་འཕངས་པ་ན། སྤྱིལ་བུ་དེ་འོག་ཏུ་མ་ལྷུང་བར་བར་སྣང་ལ་འཆགས་ཤིང་རྩྭ་སླས་པའི་བར་རྣམས་ནས་ཁ་དོག་སྣ་ལྔའི་འཇའ་ཤར། འཇམ་པའི་དབྱངས་ཀྱི་སྐུ་བཞུགས་ཡོད་པ་རྣམས་མཐོང་ངོ་། །དེའི་ཚེ་ཀུན་གྱིས་ངོ་མཚར་ཞིང་དད་ནས་ཤིང་རིང་པོ་དག་གིས་སྤྱིལ་བུ་དེ་ལེན་ཐབས་བྱས་ཀྱང་མ་ནུས། ཆོས་རྗེ་བླ་མ་ལ་ཞུས་ཀྱང་རེ་ཞིག་ཁྲོས་པ་ལྟར་ཅང་མ་གསུང་། དེ་ནས་ཡང་ཞུས་པས་ད་བླང་གསུང་ནས་ཕེབས། ཤིང་ཐུང་ངུ་ཅིག་གིས་དྲངས་ནས་སྔར་གྱི་གནས་སུ་བཞག ངའི་བློ་བཟང་གྲགས་པ་ཨ་ར་པ་ཙ་ན་གྲུབ་པའི་རྟགས་ཡིན། ཕྱིར་མ་བལྟས་པ་ནི་ང་ལ་བསམས་པ་མིན། སྐྱེ་བ་འདིར་སླར་མདོ་སྨད་དུ་མི་འབྱོན་ཞིང་། འཇིག་རྟེན་ལ་མ་གཟིགས་པར་ཆོས་ཁོ་ན་ལ་གཞོལ་བའི་རྟགས་ཡིན་ཞེས་དགྱེས་པ་ཆེན་པོས་གསུང་ངོ་། །དེ་ཐོས་པའི་དད་ལྡན་རྣམས་ཀྱིས་ཨ་ར་པ་ཙ་ནའི་སྒྲུབ་ཁང་ལ་དད་གུས་ཀྱིས་ཕྱག་བསྐོར་བྱེད་པ་མང་དུ་བྱུང་ཞིང་། རིམ་གྱིས་བྱིན་རླབས་ཀྱི་རྟེན་དུ་སྤྱིལ་བུའི་རྩྭ་ནས་ལེན་པ་བྱུང་བས་སྒྲུབ་ཁང་གི་ཕྱི་ནས་སོ་ཕག་སོགས་ཀྱིས་གཡོགས་ཏེ་མཆོད་རྟེན་བཞེངས་པ་ནི་བྱ་ཁྱུང་དུ་ད་ལྟའི་བར་ཡོད་ཅིང་བྱིན་རླབས་ཤིན་ཏུ་ཆེའོ། །
མཆོད་རྟེན་འདི་ལས་དུས་དུས་སུ་འཇའ་འོད་འཕྲོ་བ་མང་པོས་མངོན་སུམ་དུ་མཐོང་བ་ཡོད། ཆོས་རྗེ་བླ་མ་ཐུགས་རྒྱལ་བཞེས་པའི་ཚུལ་གྱིས་སྤྱིལ་བུ་འཕང་དུ་བཅུག་པ་ནི་རྗེ་རིན་པོ་ཆེ་ལ་བྱམས་སྐྱོང་ཆེར་མཛད་པ་ལ་ཕྲག་དོག་པའི་སློབ་མ་འགའ་ཞིག་ཡིད་ཆེས་པའི་དད་པ་བསྐྱེད་པ་དང་། དེའི་ཡོན་ཏན་བསྒྲགས་ནས་འགྲོ་བ་མང་པོ་ལ་ཕན་པའི་ཕྱིར་མཛད་པ་ཡིན་ནོ། །ཆོས་རྗེ་བ་འདི་ལྐོག་གྱུར་མངོན་སུམ་དུ་གཟིགས་པའི་མངོན་ཤེས་དཔག་ཏུ་མེད་པ་མངའ་བ་ནི། བླ་མ་འདིས་སྣར་ཐང་བདེ་བ་ཅན་གཉིས་སུ་མང་ཇ་འགྱེད་སོགས་འབུལ་གྱིན་ཡོད་པ་ལས། སྐབས་ཤིག་འབུལ་བ་བཏང་བའི་རྗེས་སུ། སྟོན་ཀ་རླུང་སེར་བུ་འོང་བའི་ཉིན་ཅིག ཆོས་རྗེ་པའི་དྲུང་དུ་རྗེ་རིན་པོ་ཆེ་བཞུགས་པ་ལ། དེ་རིང་གི་ཚེས་གྲངས་དང་དུས་ཚོད་ཡིད་ལ་ཟུངས་ཤིག ད་ལྟ་སྣར་ཐང་དུ་ངེད་ཅག་གི་མང་ཇ་འགྱེད་སོགས་འབུལ་གྱིན་འདུག་ཅེས་གསུང་། རྗེ་རིན་པོ་ཆེས་དེ་ཐུགས་ལ་བཞག་ནས་ཕྱིས་འབུལ་སྐྱེལ་རྣམས་སླེབ་འོང་བའི་དུས་སུ་དྲིས་པས། མང་ཇ་སོགས་འབུལ་བའི་ཉིན་དང་དུས་ཚོད་དེ་ཡིན་པར་འདུག་གསུང་།
ཡང་ཡབ་ཆོས་སྡིངས་སུ་རྟོགས་ལྡན་པ་འདས་ནས། བྱང་སེང་པ་གདན་སར་བཞུགས་ཏེ། ཆོས་རྗེ་པ་འདི་ལ་འབུལ་སྐྱེས་འདུས་སྡེའི་འཕྲིན་ཡིག་བཅས་བསྐུར་བའི་ལན་ཡར་ལ་སྤྲིངས་པ་ན། གུ་རུ་དཀོན་གཞོན་པ་ལ་སྤྲོད་པའི་ཚུལ་དུ་ཡི་གེ་མཛད། དེར་དྲུང་འཁོར་དག་གིས་སྔར་གྱི་ཡི་གེ་བྱང་སེང་པས་བསྐུར་བ་ཡིན་པས། ད་ལྟའི་ལན་ཡང་དེ་ཉིད་ལ་སྤྲིངས་ན་ལེགས་སམ་ཞེས་ཞུས་པར། འདི་ཀས་ཆོག་ཅེས་གསུངས། གསུང་ཡིག་དེ་དབུས་སུ་སླེབས་པའི་སྐབས་སུ་བྱང་སེང་པའང་འདས་ནས་གུ་རུ་དཀོན་གཞོན་གདན་སར་བཞུགས་འདུག་གསུངས། དེ་ལྟ་བུའི་མངོན་ཤེས་དང་རྫུ་འཕྲུལ་སོགས་དཔག་ཏུ་མེད་པ་མངའ་བ་ཡིན་ནོ། །བླ་མ་འདི་སྐུ་འདའ་བར་ཉེ་བ་ན་ནམ་མཁའ་ནས་རོལ་མོའི་སྒྲ་གྲག་པ་དང་། མེ་ཏོག་གི་ཆར་འབབ་པ་དང་། ས་གཡོ་བ་སོགས་ཡ་མཚན་ཅན་གྱི་རྟགས་མང་པོ་བྱུང་ཞིང་། འདི་ནས་འདས་ཏེ་བྱང་ཕྱོགས་སུ་རྔ་སྒྲ་སྒྲོགས་ཞེས་བྱ་བའི་དེ་བཞིན་གཤེགས་པའི་དྲུང་དུ་འབྱོན་པར་འགྱུར་རོ་ཞེས་ནམ་མཁའ་ལས་སྒྲ་བྱུང་བ་དྲུང་ན་གནས་པ་ཀུན་གྱིས་ཐོས་སོ། །སྐུ་གཤེགས་པའི་རྗེས་སུ་སྐུ་གདུང་རིལ་པོ་མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ་ནས་བྱ་ཁྱུང་དགོན་པར་དེང་སང་གི་བར་དུ་མཆོད་བཞིན་པ་ཡིན་ལ། མཆོད་རྟེན་དེ་ལས་ཟླ་བ་འགའ་ཞིག་གི་ཚེས་བརྒྱད་དང་བཅོ་ལྔ་སོགས་ཉིན་བཟང་པོ་རྣམས་སུ་རོ་ཤིན་ཏུ་ཞིམ་པའི་བདུད་རྩིའི་རྒྱུན་དངོས་སུ་མྱོང་ཆོག་པ་འབྱུང་བ་ཡོད་ལ། སྐབས་འགར་དྲི་ཞིམ་འཐུལ་བ་གླིང་གི་ཉེ་འཁོར་ན་གནས་པ་ཀུན་ལ་མངོན་སུམ་དུ་འབྱུང་བ་ཡིན་ནོ། །འཁྱར་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་རྣམ་ཐར་དུ། དཔོན་སློབ་ཉིད་ཆོས་རྗེ་པ་འདིའི་སྤྲུལ་པ་ཡིན་པ་དང་། བསྐལ་བཟང་གི་སངས་རྒྱས་སྟོང་གི་ཐ་མ་སངས་རྒྱས་མོས་པ་ཞེས་བྱ་བར་འགྱུར་བར་གསུངས་འདུག་གོ །
རྗེ་བཙུན་དམ་པ་ཡབ་སྲས་རྣམ་གཉིས་ཀྱི། །ཕུལ་བྱུང་རྣམ་ཐར་ཤེས་ནས་དད་བྱེད་ཅིང་། །ཚེ་རབས་ཀུན་ཏུ་འབྲལ་མེད་བསྟེན་པ་དང་། །དམ་ཆོས་བདུད་རྩི་ལེགས་པར་སྤྱོད་གྱུར་ཅིག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། སྐུ་འཁྲུངས་པའི་སྐབས་དང་། གཞོན་ནུའི་དུས་ཀྱི་མཛད་པ། རབ་ཏུ་བྱུང་བའི་སྐབས་བརྗོད་པ་དང་། ཞར་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་རྣམ་ཐར་བཅས་བསྟན་པའི་ལེའུ་སྟེ་གཉིས་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn