རྗེ་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཆོས་རྗེ་དོན་རིན་པའི་རྣམ་ཐར་ཅུང་ཟད་བརྗོད་པ་དང་།
ད་ནི་ཞར་བྱུང་དུ་ཆོས་རྗེ་བླ་མའི་རྣམ་ཐར་ཅུང་ཟད་བརྗོད་པར་བྱའོ། །དེ་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་ཞེས་པའི་བླ་མ་འདི་ནི་མདོ་སྨད་དུ་འཁྲུངས་ཤིང་། ཆུང་དུས་ནས་རབ་ཏུ་བྱུང་སྟེ། དབུས་སུ་ཐུགས་གཉེར་ལ་བྱོན། བདེ་བ་ཅན་དུ་སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལས་ཕར་ཕྱིན་དང་བྱམས་ཆོས་ལ་མཁས་པར་བསླབས། དེ་ནས་གཙང་གི་སྣར་ཐང་དུ་བྱོན། བཅོམ་ལྡན་རིག་རལ་གྱི་སློབ་མའི་གཙོ་བོ་བཅོམ་ལྡན་པ་རང་གི་གདན་ས་པ་ལྡོང་སྟོན་རིག་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན་སྦྱོང་མཛད། དེའི་ཚེ་རིག་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ། ཞ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། ཞབས་མཐིལ་ནས་ཁྲག་རྡོལ་གྱི་བར་དུ་ཉིན་མཚན་རྒྱུན་དུ་བསྐོར་བ་མཛད་པས་བློ་ཤིན་ཏུ་རྣོ་བར་གྱུར་ཏེ། རིགས་པའི་གནད་ཕྲ་མོ་རྣམས་ཐོགས་མེད་དུ་གོ་ནུས་པར་གྱུར། དེ་ནས་སླར་སྣར་ཐང་དུ་བྱོན་ནས་གསན་སྦྱོང་ལ་འབད་པའི་སྐབས་སུ་བཟའ་བཏུང་གི་ཆ་རྐྱེན་མེད་པས། སྣར་ཐང་གི་ཚིགས་སུ་འདྲེན་པའི་སྐྱོ་མ་སླ་མོས་ལུས་འཚོ་བར་བྱས་ཏེ། གསོལ་རྒྱུ་གཞན་མ་ཚོལ་བར་དཀའ་སྤྱད་མཛད་པས་ཤིན་ཏུ་མཁས་པར་གྱུར་ཏེ། དཀའ་བའི་གནད་རྣམས་སྨྲ་བ་ལ་མཁས་པའི་གྲགས་པ་ཐོབ།
དེ་ནས་ཞ་ལུར་གྲྭ་སྐོར་ལ་བྱོན། བོད་ཀྱི་མཁས་པའི་དབང་པོ་བུ་སྟོན་ཐམས་ཅད་མཁྱེན་པ་ཞ་ལུའི་གདན་སར་བཞུགས་པའི་དྲུང་དུ་ཚོགས་ཀྱི་དབུས་སུ་དམ་བཅའ་ལ་བཞུགས། འདུས་སྡེའི་དགེ་བཤེས་མཁས་པ་རྣམས་ཀྱིས་རིམ་པར་བཞེངས་ནས་རིགས་ལུང་གཏོང་བ་ལ། ཇི་ལྟ་བུའི་དཀའ་བའི་གནད་ལ་ཞིབ་ཏུ་དཔྱད་དེ་བརྩད་ཀྱང་དེ་ཀུན་གྱི་དོན་མ་ནོར་བར་ལན་བཏབ་པས་མཁས་པའི་གྲགས་པ་རྒྱས་ཤིང་། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་བླ་མ་ཞེས་ཀུན་གྱིས་བཀུར་བར་གྱུར་ཏོ། །
ཡང་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག་བླ་མ་དེས། ཁྱོད་ཀྱིས་བསྟན་འགྲོ་ལ་ཕན་པའི་ཡུལ་ནི་མདོ་སྨད་ཀྱི་ཡུལ་ཡིན། ཁྱོད་དེར་སོང་ལ་བྱ་ཁྱུང་ཤར་པང་ཞེས་པའི་གནས་གཉིས་སུ་གཙུག་ལག་ཁང་བཞེངས་ནས་བསྟན་པ་ལ་གང་ཕན་གྱིས། རང་ཉིད་བྱ་ཁྱུང་དུ་བསྡད་ནས་སྒོམ་སྒྲུབ་གཙོ་བོར་བྱོས། དེའི་ཚེ་ཁྱོད་ལ་མཁས་གྲུབ་ཀྱི་སློབ་མ་མང་དུ་འོང་། དེ་དག་གི་ནང་ནས་འགྲན་པའི་ཟླ་དང་བྲལ་བའི་སློབ་མ་ཕུལ་དུ་བྱུང་བ་ཅིག་འབྱུང་ཏེ། དེ་རབ་ཏུ་དབྱུང་བའི་ཚེ་བློ་བཟང་གྲགས་པ་ཞེས་པའི་མིང་འདི་ཐོགས། ཞེས་གསུངས། ཡང་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་ངག་གི་སྐོར་དད་པ་ཆེན་པོས་ཞུ་བའི་སྐབས་སུ། བླ་མའི་བཀའ་ལས། ཁྱོད་འཇམ་དཔལ་གཤིན་རྗེའི་གཤེད་དང་འཕྲད་པར་འདོད་ན་མདོ་སྨད་དུ་སོང་། དེར་མཇལ་བར་འགྱུར་རོ་ཞེས་གསུང་། འདི་ནི་རྗེ་ཙོང་ཁ་པ་དང་མཇལ་བ་སོགས་མངོན་ཤེས་ཀྱིས་གཟིགས་ནས་ལུང་བསྟན་པ་ཡིན་འདུག་གོ །
དེ་ནས་རོང་དུ་བྱོན། བླ་མ་ཡེ་ཤེས་དཔལ་བ་ལས་གཤིན་རྗེའི་གཤེད་ཀྱི་ཆོས་སྐོར་སྤྱི་དང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་རྒྱུད་འགྲེལ་བཤད་པ་མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད། དེ་ནས་ཨ་མདོར་བྱོན། ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེ་མདོ་སྔགས་ཀྱི་ཆོས་མང་དུ་གསུང་། དེ་སྐབས་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་བྱུང་བས་དབུས་སུ་ཕེབས། འོན་ཀྱང་བར་དེར་བདེ་བ་ཅན་གྱི་ཁྲི་ལ་བླ་མ་གཞན་བཞུགས་པས་ཡོ་བྱད་མང་དུ་བསྣམས་བྱོན་པ་རྣམས་བདེ་བ་ཅན་དང་སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་ལ་ཕུལ་ནས་དགེ་བ་རྒྱ་ཆེར་མཛད། ཡང་ཆོས་སྡིངས་སུ་སྐྱེས་མཆོག་རྟོགས་ལྡན་བསམ་གཏན་དཔལ་གྱི་དྲུང་དུ་བྱོན། ཕྱག་རྫས་གང་ཡོད་བླ་མ་དེ་ལ་ཕུལ། ཞི་བྱེད་ཀྱི་གདམས་པ་གསན་ནས་རྩེ་གཅིག་ཏུ་བསྒྲུབས་པས་ཕྱག་ཆེན་གྱི་རྟོགས་པ་འཁྲུངས། ཞི་ལྷག་གི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལ་དབང་ཐོབ། དེའི་རྗེས་སླར་མདོ་སྨད་དུ་བྱོན། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང་བཞུགས་པ་ལས། བླ་མས་ལུང་བསྟན་པའི་གནས་འཚོལ་བར་བྱོན་ཏེ། དང་པོར་ཤར་པང་གི་གནས་རྙེད། དེར་དགོན་པ་བཏབ་སྟེ་འདུས་སྡེ་བཙུགས། དེ་ཡང་རིའི་དབྱིབས་ནི་ཉི་མ་ཤར་བའི་ཚེ་ཉི་འོད་པང་དུ་ལེན་པ་ལྟ་བུ་ཡིན་པས་ཤར་བ་པང་དུ་ལེན་པའི་ཤར་པང་ཞེས་པ་ཡིན་པ་ལ། མི་མང་གི་སྨྲ་བ་ནོར་བས་ད་ལྟ་ཤ་སྦྲང་དགོན་ཟེར་རོ། །
དེ་ནས་བྱ་ཁྱུང་གི་གནས་འཚོལ་བར་བྱོན་ཏེ། བྱ་ཁྱུང་གི་བྲག་མཐོང་བའི་གྲོང་ཞིག་ཏུ་སླེབས་པ་ན། གྲོང་དེར་རྒན་མོ་ཤིན་ཏུ་ཁྲོ་གཏུམ་པ་ཞིག་ཡོད་པ་དེས། རང་གི་གཡོག་མོ་ལ། བྱ་ཁྱུང་བྲག་ནས་ཆར་བ་འབབ་འོང་གི། བསྐམས་པའི་ནས་རྣམས་མྱུར་དུ་བསྡུས་ཞེས་སྨྲས་པ་ཐོས་ནས། ཆོས་རྗེ་པ་རྒན་མོའི་དྲུང་དུ་བྱོན་ཏེ། བྱ་ཁྱུང་བྲག་ཟེར་བ་གང་ཡིན་ཞེས་དྲིས་པ་ལ། རྒན་མོ་ཁྲོ་བའི་རྣམ་པས་བཞིན་བསྡུས་ཏེ། བསྡིག་མཛུབ་ཀྱིས་བྲག་གི་ཕྱོགས་སུ་གཏད་ནས། དགོས་པ་ཅི་བྱེད། ཕ་གི་དེ་ལ་ཟེར་ཞེས་འབར་བཞིན་བསྟན། རྒན་མོ་དེ་ནི་ལྷ་མོ་ཁྲོ་གཉེར་ཅན་མའི་སྤྲུལ་པ་ཡིན་པས། བྱ་ཁྱུང་དགོན་གྱི་གནས་སྟོན་པ་དང་མཉམ་དུ་གཞི་བདག་དང་ཆོས་ལ་གནོད་པའི་གདོན་བགེགས་རྣམས་བཏུལ་བ་ཡིན་གསུང་།
དེ་ནས་བྱ་ཁྱུང་གི་ཕྱོགས་སུ་ཕེབས་པ་ལ་རྨ་ཆུ་བརྒལ་དགོས་པས་ཆུ་འགྲམ་དུ་ཕྱིན་ནས་བལྟས་པས། ཆུ་ཤིན་ཏུ་ཆེ་ཞིང་སློབ་མ་རྣམས་སྐྲག་པ་ལ། ཆོས་རྗེ་བས་ཆུའི་ཕ་འགྲམ་གྱི་བར་དུ་སྣམ་བུ་བརྐྱངས་པ་ལྟ་བུའི་འཁྱག་པ་སྤྲུལ་ནས་དེའི་སྟེང་ནས་སློབ་འཁོར་ཞོན་ཁལ་བཅས་ཀུན་བདེ་བར་ཐོན་ཏེ། བྱ་ཁྱུང་བྲག་གི་དྲུང་དུ་ཕྱིན་ནས། བླ་མས་ཆོས་གསུང་ཞིང་བཞུགས་སོ། །ས་དེར་ཕྱག་དཔེ་བཀལ་བའི་དྲེའུ་གཅིག་སོང་ནས་བྲག་དེའི་རྒྱབ་རིའི་ལོགས་ལ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་གནས་ནེའུ་གསིང་དང་ལྗོན་ཤིང་ཐོར་རེ་བ་ཅན་གྱི་ཆུ་མིག་ཅིག་ཡོད་པ་དེར་ཆུ་འཐུངས་ནས་ཉལ་བ་དེ། སློབ་མ་རྣམས་ཀྱིས་ཐབས་ཅི་བྱས་ཀྱང་མ་ལངས་པར་ཉལ་བསྡད་པ་དེ་བླ་མ་ལ་ཞུས་པས། བླ་མས། ངའི་འདུག་ས་ནོར་བ་ཡིན། དགོན་པའི་གནས་ནི་དྲེའུ་ཉལ་བའི་ས་དེ་ཡིན་པར་འདུག་གསུང་ནས་གཞི་དེར་ཕེབས། ཐོག་མར་ནེའུ་གསིང་གི་སྟེང་དུ་ལྷ་ཁང་གཅིག་བཞེངས་ནས་རྡོ་རྗེ་འཇིགས་བྱེད་དང་མགོན་པོ་སོགས་ཆོས་སྐྱོང་མང་པོའི་སྐུ་བཞེངས། རྟེན་འདི་རྣམས་ནི་བྱིན་རླབས་ཤིན་ཏུ་ཆེ་ཞིང་། ཕྱོགས་དེའི་སྐྱེ་བོ་རྣམས་ཆོས་སྐྱོང་གི་མདུན་དུ་མནའ་དཔང་གསོལ་ན་ལེགས་ཉེས་ཀྱི་རྟགས་མངོན་སུམ་དུ་ཐོན་པ་ཡོད་འདུག དེ་ལྟར་ཡི་དམ་ཆོས་སྐྱོང་རྣམས་བཞེངས་ཚར་ནས་མཆོད་གཏོར་ཕུལ་ནས་གསོལ་བ་གདབ་པ་སོགས་བྱས་པས་བཞེད་དོན་བདེ་བླག་ཏུ་གྲུབ་ཅིང་། རིམ་གྱིས་གཙུག་ལག་ཁང་དང་རྟེན་བཞེངས་པ་འདུས་སྡེ་བཙུགས་པ་སོགས་དར་ཞིང་རྒྱས་ཏེ་བྱ་ཁྱུང་དགོན་ཞེས་དེང་སང་གི་བར་གྲགས་པ་ཡིན་ནོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn