རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔ་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-02 11:31:12     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

       འདི་ལ་གཞོན་ནུ་ནོར་བཟང་ནི། ལེགས་བཤད་ཉིན་བྱེད་ལས། ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་ཞེས་བྱ་བ་དགེ་བའི་བཤེས་གཉེན་བརྒྱ་རྩ་བརྒྱད་བསྟེན་པ་དཀའ་བ་དཔག་ཏུ་མེད་པ་བསྐྱེད་པ་དེ་ཉིད་ཀྱང་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཡིན་པར་མངོན་པས་བསམ་པར་དཀའ་བ་འབའ་ཞིག་གོ །གཞོན་ནུ་ནོར་བཟང་གི་རྣམ་པར་ཐར་པ་རྒྱས་པར་ནི་མདོ་སངས་རྒྱས་ཕལ་པོ་ཆེ་ལས་ཤེས་བར་བྱ་ཡི། འདིར་མངས་སུ་དོགས་པས་མི་སྤྲོ་ལ། མདོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཡི་རྣམ་ཐར་བཤད་པ་ཤ་སྟག་ཡིན་ནོ། །ཞེས་གསུངས་སོ། །

        མ་གཅིག་ལབ་སྒྲོན་གྱི་མ་འོངས་ལུང་བསྟན་ལས། རྒྱལ་ཁྲིམས་དང་ཆོས་ཁྲིམས་འཕྱུགས་པའི་དུས་སངས་རྒྱས་ཀྱི་བསྟན་པ་མུན་ནག་ཏུ་གློག་འཁྱུག་པ་ལྟ་བུ་ཞིག་འབྱུང་། ཞེས་གསུངས་པ་ལ། བསོད་ནམས་རྒྱན་ལ་སོགས་པའི་བུ་མོ་བཞིས། དེ་ལྟ་བུའི་བཀའ་དྲིན་ཅན་དེ་སུ་ལགས་ཞེས་སོགས་ཞུས་པའི་ལན་དུ། བུ་མོ་ཁྱེད་ཀྱིས་དྲིས་པའི་བྱང་སེམས་དེ། །མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་མཆོག །སྙིགས་དུས་ལོག་སྤྱོད་བོད་ཡུལ་འབྱུང་བའི་ཚེ། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སེང་གེའི་ང་རོར་གྲགས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གནོན་པས། །ཁྲིམས་འཆལ་བག་མེད་ཡང་དག་ཁྲིམས་ལ་སྦྱོར། །ཐུབ་ཉིད་སྲོལ་བཏོད་བསྟན་པའི་ཕྱག་རྟགས་འཛིན། །བསྟན་པ་གསལ་བར་བྱེད་པའི་དགེ་སློང་ངོ་། །མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྒྱུར་ཞིང་། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམས་པར་མཛད། །ཅེས་གསུངས། །དེ་ཡང་སངས་རྒྱས་བདུན་པ་ནི་སངས་རྒྱས་བྱམས་པ་ནས་བགྲངས་ན་བདུན་པ་སྟེ། འཁོར་བ་འཇིག་ནས་བགྲངས་ན་བཅུ་གཅིག་པ་སངས་རྒྱས་སྤྱན་ལེགས་སུ་འགྱུར་བའི་དོན་ནོ། །གྲགས་པའི་མཚན་ཐོགས་པ་ནི། རྗེའི་མཚན་ལ་བློ་བཟང་གྲགས་པ་ཞེས་པའི་ཟུར་བསྟན་པ་ཡིན། བསྟན་པའི་ཕྱག་རྟགས་འཛིན་པ་ནི། རྗེ་རིན་པོ་ཆེ་མ་བྱོན་པའི་གོང་དུ་བོད་ཀྱི་རབ་བྱུང་ཕལ་ཆེར་ཆོས་གོས་མི་གྱོན་ཞིང་། ཆང་དང་བུད་མེད་ལ་མི་འཛེམ་པ་སོགས་ཤིན་ཏུ་འཆལ་བར་གྱུར་པ་ལས། རྗེ་རིན་པོ་ཆེས་དེ་ཐམས་ཅད་དག་པར་མཛད་ནས་ཞྭ་སེར་བསྟན་པ་ཞེས་གྲགས་པའི་ཆོས་ལུགས་དྲི་མ་མེད་པ་རྒྱ་ཆེར་དར་བར་མཛད་པས་འདི་ལུང་བསྟན་པ་ཡིན། རྒྱུད་སྡེ་ལ་དབང་བསྒྱུར་བ་སོགས་ནི། རྒྱུད་སྡེ་བཞི་མཐའ་དག་ལ་མཁས་པར་གྱུར་ཏེ། དོན་ཟབ་པ་དང་མན་ངག་གི་གནད་རྣམས་ཞིབ་ཏུ་བཀྲལ་ནས་སྐལ་ལྡན་རྣམས་སངས་རྒྱས་ཀྱི་སར་འཁྲིད་པར་མཛད་པའི་དོན་ནོ། །

        པདྨ་ཐང་ཡིག་ལས། དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། །མཁས་པའི་མཆོག་གྱུར་མདོ་རྒྱུད་གཞུང་ལ་མཁས། །རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་སྒོ་འབྱེད། །འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་འབྱོན། །བློ་དང་བཟང་གི་མཚན་ཅན་སྐྱེ་བོ་འོང་། །གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ། །ཞེས་གསུངས་ཏེ། དེ་ཡང་རྡོ་རྗེ་འཆང་སྤྲུལ་ནི། སྟོན་པ་ཤཱཀྱ་ཐུབ་པའི་སྤྲུལ་པར་བསྟན། ལས་རབ་རྡོ་རྗེ་ནི་རྗེའི་གསང་མཚན་ལས་ཀྱི་རྡོ་རྗེ་ཡིན་པར་བསྟན་པའོ། ། པདྨ་བཀའ་ཆེམས་ལས། །འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་དཔལ། །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང་། །མི་རབས་བརྒྱད་དུ་གསང་སྔགས་རྒྱས་པར་བསྟན། །ཞིང་འདིར་འདས་ནས་བྱམས་པའི་དྲུང་དུ་འགྲོ། །དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན། །རང་བྱུང་བསྐལ་པ་ཆེན་པོ་ལ། །དགྲ་བཅོམ་ཐོབ་པར་ཐེ་ཚོམ་མེད། །ཅེས་དང་། སློབ་དཔོན་པདྨའི་ལུང་བསྟན་ལས། སློབ་དཔོན་ང་ཡི་ཐུགས་སྤྲུལ་སྙིང་རྗེ་ཅན། །བཻ་རོ་ཁྱོད་ཀྱི་འོད་ཟེར་ཆ་གཅིག་ལས། །སྐུ་ལུས་གཅིག་ལ་བཀོད་པ་མི་འདྲས་བརྒྱན། །བཻ་རོ་ཙ་ནའི་སྐྱེ་བ་གཅིག །དབུས་ཕྱོགས་དགའ་ལྡན་ཞེས་བྱར་འབྱུང་། །བྱང་སེམས་བློ་བཟང་ཞེས་པར་གྲགས། །སངས་རྒྱས་ཡེ་ཤེས་སྐྱེ་བ་གཅིག །བྱང་ཆུབ་སེམས་དཔའི་འཁོར་དུ་བཅས། །འཁོར་བློན་ཕྱག་རྡོར་ཞེས་པར་གྲགས། །ཞེས་གསུངས་ཏེ། ཨུ་རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ལོ་ཆེན་བཻ་རོ་ཙ་ན་དང་། །དེའི་སྤྲུལ་པ་མི་འདྲ་བ་དུ་མ་དང་། དགའ་ལྡན་དུ་བློ་བཟང་གྲགས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཡིན་པར་བསྟན། ཕྱག་རྡོར་ནི་མཁས་གྲུབ་རྗེ་ཡིན་ལ། སྤྱིར་རྗེ་འཇམ་དབྱངས། རྒྱལ་ཚབ་སྤྱན་རས་གཟིགས། མཁས་གྲུབ་ཕྱག་རྡོར་དུ་གསུངས་པའང་ཡོད་ཅིང་། བཀོད་པ་མི་འདྲ་བར་གསུངས་པ་ཡང་འདི་འདྲ་བ་ལ་དགོངས་པའོ། །

        ལོ་ཆེན་བཻ་རོ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་པདྨ་གཉིས་སྤྱན་དྲངས་ནས། བོད་ཀྱི་མི་རབ་བྱུང་བྱེད་ཐུབ་མི་ཐུབ་སད་པའི་ཕྱིར་མི་བདུན་རབ་ཏུ་བྱུང་བའི་ནང་ཚན་གཅིག་ཡིན་ཞིང་། བོད་དུ་ཆོས་བསྒྱུར་པ་སོགས་བསྟན་པ་ལ་ཕན་པ་ཆེན་པོ་མཛད་པའོ། །པདྨའི་བསྐུལ་བྱང་ལས། འདི་ལྟར་ཉོན་ཅིག་རྒྱལ་པོ་དད་པ་ཅན། །སངས་རྒྱས་འཇིག་རྟེན་བྱོན་དུས་ཉེ་བར་འཁོར། །མྱ་ངན་འདས་ཚེ་ཨུ་པ་གུ་ལྟ་ཞེས། །གྲོང་ཁྱེར་འགའ་རུ་བྷ་ཝ་བྷ་དྲར་གྲགས། །ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར། །ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང་། །རྒྱལ་བའི་སྲས་པོ་གྲགས་པའི་མཐའ་ཅན་དེས། །ཤཱཀྱའི་རྒྱལ་པོ་ལོངས་སྤྱོད་རྫོགས་སྐུར་བསྒྱུར། །ཕ་རྒྱུད་ཟབ་གནད་ཕྲ་མོའི་རྣལ་འབྱོར་དང་། །མཐའ་བཞིའི་སྤྲོས་བྲལ་རིགས་པའི་ལྟ་བ་ཡིས། །སྐལ་བཟང་གདུལ་བྱ་མང་པོ་སྨིན་གྲོལ་མཛད། །ཞིང་འདིའི་སྐུ་ཡི་བཀོད་པ་ལེགས་བསྡུས་ནས། །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །རྒྱལ་བ་སེང་གེའི་ང་རོར་མངོན་འཚང་རྒྱ། །དེ་ཡི་ཕྱག་གི་རིན་ཆེན་མཆོད་སྡོང་ལས། །འོད་ཟེར་བྱེ་བའི་ཕུང་པོ་རབ་ཏུ་འཕྱང་། །ཅེས་གསུངས་ཏེ། རྒྱལ་པོ་དད་པ་ཅན་ནི་ཁྲི་སྲོང་ལྡེ་བཙན་ནོ། །ལོངས་སྐུར་བསྒྱུར་བ་ནི་ལྷ་སའི་ཇོ་བོ་ལ་དབུ་རྒྱན་ཕུལ་བའི་དོན་ནོ། །འོད་གསལ་སྒྱུ་ལུས་ཀྱི་མན་ངག་ནི་སྔོན་བོད་དུ་སུས་ཀྱང་གསལ་བར་མ་མཛད་པ་ལ་རྗེ་རིན་པོ་ཆེས་དཔྱིས་ཕྱིན་པར་བཀྲལ་ནས་གསུངས་པའོ། །

        ཕྱག་ན་རྡོ་རྗེས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་སློབ་མ་ཇི་ཙམ་འབྱུང་བ་ལུང་བསྟན་པ་ལས། དད་པ་ཐོབ་པ་འབུམ་ཚོ་གཅིག །ངེས་པར་གྲོལ་བ་ལྔ་བཅུ་སྟེ། །རྩོད་མེད་གྲུབ་ཐོབ་བརྒྱད་དུ་ངེས། །འགྲན་གྱི་དོ་མེད་བློ་བཟང་ཡིན། །ཞེས་དང་། སློབ་མའི་གཙོ་བོ་བཅུ་གསུམ་འབྱུང་བར་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱཀྱའི་རྒྱལ་པོའི་དྲུང་དུ་ཐུགས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ། །མྱུར་དུ་འཚང་རྒྱ་དེ་བཞིན་གཤེགས་པར་འགྱུར། །ཞེས་དང་། ཡང་གསང་བདག་གི་གསུང་ལས། །གསང་འཛིན་ལས་ཀྱི་རྡོ་རྗེ་ལ། །སྔོན་ནས་ཉེ་བར་འབྲེལ་བ་ཡི། །བློ་བཟང་གྲགས་པ་དེ་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང་། །ངེས་པ་ཁོ་ནར་འཚང་རྒྱའོ། །རྒྱ་གར་རྒྱ་ནག་བལ་བོ་དང་། །དབུས་གཙང་མདོ་ཁམས་ཡུལ་ཕྱོགས་སུ། །སྐྱེ་བ་བཟུང་ཞིང་འགྲོ་ཀུན་རྣམས། །ཐར་བའི་ལམ་ལ་འཁྲིད་པར་མཛད། །འཇམ་པའི་དབྱངས་ནི་ལྷག་པའི་ལྷ། །དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པ་ཁོ་ནར་བྱང་ཆུབ་པོ། །འཕགས་པའི་སློབ་མ་འདུ་བར་བྱེད། །ལུས་འདི་བོར་ཚེ་དགའ་ལྡན་དུ། །བྱམས་པའི་དྲུང་འགྲོ་ཆོས་ཉན་འགྱུར། །འཇམ་དཔལ་སྙིང་པོ་ཞེས་བྱ་བ། །སེམས་ཅན་ཀུན་ལ་བརྩེ་བ་སྟེ། །དེ་ནི་ས་བཅུའི་མཐར་ཕྱིན་ཏོ། །ཞེས་དང་།

        ཡང་། བློ་བཟང་གྲགས་པ་འདི་ཚོགས་རྒྱ་ཆེན་པོ་བསགས་པ་མཐོང་ཐོས་རེག་གསུམ་གྱི་ཕན་ཡོན་འཐོབ་པའི་གང་ཟག་ཡིན། སོ་སོའི་སྐྱེ་བོའི་སྣང་ངོར་སྦྱོར་ལམ་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ། །ཞེས་གསུངས་ཏེ། དེ་ལ་ཕལ་ཆེར་གོ་སླ་ཞིང་། གསང་འཛིན་ལས་ཀྱི་རྡོ་རྗེ་ནི་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཡིན། རྗེའི་སྤྲུལ་པ་རྒྱ་གར་བལ་པོ་བོད་སོགས་ཡུལ་དུ་མར་སྤྲུལ་པ་དང་། རྗེའི་སྐུ་བརྙན་མིག་གིས་མཐོང་བ་དང་། མཚན་རྣ་བར་ཐོས་པ་དང་། ཕྱག་དང་གསོལ་འདེབས་སོགས་རེག་པ་མཐའ་དག་འདི་ཕྱི་ཀུན་ཏུ་སྐྱོབ་པ་དང་། ངེས་པའི་དོན་དུ་སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན་ཀྱང་མཁས་པ་པཎྜི་ཏའི་ཚུལ་ཙམ་འཛིན་པ་དང་། ཡོན་ཏན་ཚད་མེད་པ་དང་། བྱམས་པའི་དྲུང་དུ་འཇམ་དཔལ་སྙིང་པོར་འགྱུར་བ་སོགས་བསྟན་པའོ། ། 

                                                   རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།